ཚན་རིག་ལག་རྩལ་ལས་བཟོས་པའི་འཕྲུལ་ཆས་ཀྱི་མིའི་སྐོར་བགྲོ་གླེང་།


2018.09.15
ཚན་རིག་ལག་རྩལ་ལས་བཟོས་པའི་འཕྲུལ་ཆས་ཀྱི་མིའི་སྐོར་བགྲོ་གླེང་། ༧གོང་ས་མཆོག་ནས་ཡུ་རོབ་ཀྱི་རྒྱལ་ཁབ Netherland་གྱི་རྒྱལ་ས Amsterdam དུ་ཡོད་པའི་ནིའུ་ཁེབ་སི་ཞེས་པའི་ལྷ་ཁང་དུ་བརྗོད་གཞི་མི་འདྲ་བ་གཉིས་ཀྱི་ཐོག་བཀའ་སློབ་བསྩལ་བ།
དགའ་ལྡན་ཕོ་བྲང་གི་ཐད་སྲིང་དྲ་གནས།

༄༅། །སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེང་སྐབས་ཡུ་རོབ་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་པ་ལྟར། སྤྱི་ཚེས ༡༥ ཉིན་གྱི་སྔ་དྲོར་ཡུ་རོབ་ཀྱི་རྒྱལ་ཁབ Netherland འམ་ཧོར་ལན་ཌའི་རྒྱལ་ས Amsterdam དུ་ཡོད་པའི་ནིའུ་ཁེབ་སི་ཞེས་པའི་ལྷ་ཁང་དུ་ཧོར་ལན་ཌའི་རྒྱལ་པོའི་སྲས་མོ་སོགས་གནད་ཡོད་མི་སྣ་མང་པོ་ཐེ་བའི་དད་ལྡན་མི་གྲངས་ཆིག་སྟོང་ཉེ་བ་ཞིག་ལ་བརྗོད་གཞི་མི་འདྲ་བ་གཉིས་ཀྱི་ཐོག་བཀའ་སློབ་བསྩལ་ཡོད་ཅིང་། དེ་ཡང་བརྗོད་གཞི་དང་པོ་ཚན་རིག་ལག་རྩལ་ལས་བཟོས་པའི་འཕྲུལ་ཆས་ཀྱི་མིའི་སྐོར་བགྲོ་གླེང་སྐབས་སུ། ངོ་སྤྲོད་གནང་མཁན་གྱིས་དེང་རབས་ཅན་གྱི་འཕྲུལ་ཆས་ཡར་རྒྱས་ཕྱིན་ནས་མིའི་རིགས་ཀྱི་དཀའ་ངལ་ཕལ་ཆེ་བ་སེལ་ཐུབ་ཀྱི་ཡོད་པ་ཞུས་སྐབས། ༧གོང་ས་མཆོག་གིས་ཕན་ཐོག་ཡོད་པ་དངོས་ཡོད་ཡིན་ཡང་། འགྲོ་བ་མིའི་བསམ་བློ་བསྒྱུར་བཅོས་བཏང་ནས་མི་བཟང་པོ་ཞིག་བཟོ་རྒྱུ་དེ་མི་རང་གིས་མ་གཏོགས་དེང་རབས་འཕྲུལ་འཁོར་གྱིས་བྱེད་ཐུབ་ཐབས་ཡོད་པ་མ་རེད། དེར་བརྟེན་དེང་རབས་ཀྱི་འཕྲུལ་ཆས་ཚད་ལས་བརྒལ་བའི་ཡར་རྒྱས་གཏོང་རྒྱུ་ལས་མིའི་རང་རྒྱུད་དུ་ཡོད་པའི་བྱམས་བརྩེ་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་འདུག
ཡང་བརྗོད་གཞི་ཁག་གཉིས་པ་ནད་མནར་དང་རྒས་ཁོག འཕྲོད་བསྟེན་བཅས་ཀྱི་ཐད་བཀའ་བསྡུར་གནང་སྐབས། སྨན་པ་ཞིག་གིས་གསོ་བ་རིག་པ་དར་རྒྱས་ཕྱིན་སྟབས། མིའི་ཚེ་ཇེ་རིང་དུ་སོང་ནས་མ་འོངས་པར་མི་རྣམས་ལོ ༢༠༠ ལ་འཚོ་གནས་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་སྐབས། ༧གོང་ས་མཆོག་གིས་སྐྱེ་ནས་རྒས། དེ་ནས་འཆི་བ་བཅས་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། དེང་རབས་སྨན་གྱིས་མིའི་ཚེ་ཇེ་རིང་དུ་བཏང་ན་མི་འབོར་དང་ཁོར་ཡུག་སོགས་ཀྱི་དཀའ་ངལ་འཕྲད་སྲིད་པ་བཀའ་གནང་འདུག
དེའི་རྗེས་གསར་འགོད་ལྷན་ཚོགས་ཀྱི་སྐབས། ༧གོང་ས་མཆོག་གིས་གསར་འགོད་པ་ཚོས་འཛམ་གླིང་འགྲོ་བ་མིའི་སེམས་རྒྱུད་ལ་བྱམས་བརྩེའི་སློབ་གསོ་སྤྲོད་རྒྱུའི་འགན་འཁུར་དགོས་པ་བཀའ་གནང་འདུག་ལ། དེ་བཞིན་ཡང ༧གོང་ས་མཆོག་གིས་དེ་སྔ་སྤྱི་ལོ  ༡༩༩༣ ལོར་བླ་ཆེན་རྣམས་པའི་ཚོགས་འདུ་ཞིག་འཚོགས་ཡོད་པ་དེའི་སྐབས་སུ་ནས་བླ་མས་བཙན་དབང་བཏང་བའི་གནད་དོན་དེ་འདྲ་དེ་སྔ་ནས་ཡོད་སྟབས་དེའི་ཐད་སྐབས་དེ་དུས་ནས་བཀའ་སློབ་གནང་ཡོད་ལ། རིང་མིན་བཞུགས་སྒར་དྷ་རམ་ས་ལར་ཚོགས་རྒྱུའི་བླ་ཆེན་རྣམས་པའི་ལྷན་ཚོགས་ཀྱི་སྐབས་སུ་ཡང་བཀའ་བསྡུར་གནང་རྒྱུ་ཡིན་ཞིང་། དཀའ་ངལ་འཕྲད་མཁན་ཚོས་ཀྱང་བསམ་འཆར་བཏོན་ན་ཡག་པོ་ཡོད་རེད། ཕྱི་གསལ་ནང་གསལ་ཡོང་གི་རེད་ཅེས་བཀའ་གནང་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་དང་བསོད་ནམས་ལྷ་མོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎