རྡ་སར་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།
2012.03.30
༄༅༎ཕྱི་ཟླ་གསུམ་པའི་ཚེས་༢༦ རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་རྒྱ་གར་དུ་འཚམས་འདྲིར་ཡོང་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས། ཕ་ཡུལ་ཁམས་རྟའུ་ནས་ཡིན་པའི་འཇམ་དཔལ་ཡེ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་ངོ་རྒོལ་གནང་བ་དང༌། ཁོང་ཕྱི་ཟླ་༢༨ ཉིན་རྒྱ་གར་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་པར་བརྟེན་དེ་རིང་ཁོང་གི་སྐུ་ཕུང་བཞུགས་སྒར་རྡ་རམ་ས་ལར་ཞུགས་འབུལ་གནང་ཡོད་པ་རེད།
དེ་རིང་སྔ་དྲོའི་ཚོུད་༧ དང་ཕྱེད་ཀའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཙན་བྱོལ་བོད་མིའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་དང༌། བོད་མི་དམངས་སྤྱི་འཐུས་རྣམ་པ་གཙོས་པའི་གཞུང་ཞབས་པ་དང་ས་གནས་སེར་སྐྱ་མི་དམངས། ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་གསུམ་སྟོང་ལྷག་འདུ་འཛོམས་ཀྱི་དབུས་སུ་འཇམ་དཔལ་ཡེ་ཤིས་ལགས་ཀྱི་སྐུ་ཕུང་གདན་དྲངས་་ཏེ། ཕྱི་ཚེས་༢༨ ཉིན་རྔ་པ་ཁུལ་དུ་རང་ལུས་མེར་བསྲེག་བཏང་གནང་མཁན་སྐུ་ཞབས་བློ་བཟང་ཤེས་རབ་ལགས་གཙོས་པའི་བོད་དོན་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་ཚོར་མྱ་ངན་གུས་འདུད་དང། སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས་ཡོད་པ་རེད། དེ་རྗེས་བཀའ་བློན་ཁྲི་པའི་སྐུ་ཚབ་ཆོས་རིག་བཀའ་བློན་མཆོག་དང༌། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་མར་མེའི་ཞལ་ཕྱེ་གནང་གྲུབ་མཚམས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད། ཆོས་རིག་བཀའ་བློན་མཆོག་གིས། འཇམ་དཔལ་ཡེ་ཤིས་ལགས་ཀྱིས་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེ་བསྲེག་བཏང་བ་དང། བཀའ་བློན་ཁྲི་པ་མཆོག་ད་རེས་ངོ་ཕེབས་གནང་མ་ཐུབ་པའི་རྒྱུ་རྐྱེན་འགྲེལ་བརྗོད་གནང་བ་མ་ཟད། འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཁ་ཆེམས་དོན་ཚན་ལྔ་པོའི་ནང་དོན་དྲན་སྐུལ་གནང་བ་དང་སྦྲགས་བོད་དོན་ལས་འགུལ་སྤེལ་བའི་སྐབས། ངེས་པར་དུ་བཀའ་ཤག་གི་ལམ་སྟོན་བཞིན་གནང་དགོས་པའི་འབོད་སྐུལ་གནང་ཡོད་ཅིང༌། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཇམ་དཔལ་ཡེ་ཤིས་ལགས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་དང། བོད་ནང་གི་ཛ་དྲག་གི་གནས་སྟངས། བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་གཏམ་བཤད་གནང་ཡོད་པ་རེད། དེ་རྗེས་མི་དམངས་ཚོས་བདེན་ཚིག་སྨོན་ལམ་འུར་འདོན་གནང་བའི་རྗེས། ཁྲིམས་ཞིབ་པ་ཆེ་བ་སོགས་ཁྲིམས་ཞིབ་པ་རྣམ་པ་དང༌། བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། སྤྱི་འཐུས་རྣམ་པ། གཞུང་ཞབས་རྣམ་པ་སོགས་ཀྱིས་འཇམ་དཔལ་ཡེ་ཤིས་ལགས་ཀྱི་སྐུ་ཕུང་ལ་མཇལ་དར་སྒྲོན་པའི་རྗེས། ཁོང་གི་སྐུ་ཕུང་ཚེ་མཆོག་གླིང་དགོན་པའི་ཉེ་འཁྲིས་ཀྱི་དུར་སར་རྒྱུད་སྟོད་དང་གནས་ཆུང་གི་དགེ་འདུན་པས་སྦྱིན་སྲེག་གི་ཆོ་ག་འདོན་བཞིན་དུ་ཞུགས་འབུལ་གནང་གནང་ཡོད་ཅིང༌། དེ་རིང་ཉིན་གུང་རྒྱབ་ཏུ་བཀའ་ཤག་གི་བཀའ་འབྲེལ་བཞིན། ཆོས་རིག་ལས་ཁུངས་ནས། བློ་བཟང་ཤེས་རབ་ལགས་དང་འཇམ་དཔལ་ཡེ་ཤིས་ལགས་ཀྱི་གཙོས་པའི་བོད་བསྟན་སྲིད་ཀྱི་ཆེད་དུ་ཐབས་རྩོད་གནང་མཁན་འདས་སོན་ཡོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་རེད།