རྒྱལ་སྤྱིའི་བོད་པའི་ཆེད་ལས་པའི་ལྷན་ཚོགས་ཐེངས་དང་པོ།

མདུན་བཟང་ལམ་སྟོན་ལས་གཞི་ཁང་གིས་རིང་མིན་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་པའི་ཆེད་ལས་པའི་ལྷན་ཚོགས་བསྐོང་ཚོགས་གནང་རྒྱུ་རེད་འདུག

2010.07.21

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་གནང་བའི་མདུན་བཟང་ལམ་སྟོན་ལས་གཞི་ཁང་གིས་རིང་མིན་ཕྱི་ཟླ་༩པའི་ཚེས་༦ནས་༨བར་ བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་དཔེ་མཛོད་ཁང་དུ་རྒྱལ་སྤྱིའི་བོད་པའི་ཆེད་ལས་པའི་ལྷན་ཚོགས་ཐེངས་དང་པོ་དེ་བསྐོང་ཚོགས་གནང་ཡག་རེད་འདུག།

ལྷན་ཚོགས་དེ་གནང་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ནི། འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་ལས་རིགས་འདྲ་མིན་གནང་མཁན་བོད་པའི་ཆེད་ལས་པ་ཡོངས་རྫོགས་ཕྱོགས་ཅིག་ལ་མཉམ་འཛོམས་གནང་སྟེ་ཕན་ཚུན་ངོ་ཤེས་དང་འབྲེལ་བ་། དེ་བཞིན་ལས་དོན་མཉམ་རུབ་ཀྱི་སྒོ་ནས་གནང་སྟེ་མ་འོངས་བོད་སྤྱི་པའི་བདེ་དོན་ལ་ཕན་ཐོག་ཡོད་པའི་ལེགས་སྐྱེས་འབུལ་སའི་སྡིངས་ཆ་ཞིག་སྐྲུན་ཐབས་གནང་རྒྱུ་དེ་ཡིན་པ་རེད།

ལྷན་ཚོགས་དེ་བརྒྱུད་བཙན་བྱོལ་ནང་ཁ་ཐོར་དུ་གནས་པའི་བོད་པའི་ཆེད་ལས་པ་ཚོས་རང་རང་སོ་སོའི་ཤེས་བྱ་དང་ལག་རྩལ་། ནུས་ཤུགས་བཅས་བེད་སྤྱོད་བཏང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་འགན་འཁུར་བླངས་ཐུབ་རྒྱུའི་མ་འོངས་ལས་འཆར་གཏན་འབེབས་གནང་རྒྱུ་ཡིན་སྐོར་ གོང་ཞུས་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་ཚོས་གསུངས་བཞག།

རྒྱལ་སྤྱིའི་བོད་པའི་ཆེད་ལས་པའི་ཆེས་མཐོའི་ལྷན་ཚོགས་དེའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། རྒྱ་གར་གྱི་ཚན་རིག་པ་དང་རྩོམ་པ་པོ་མཁས་དབང་ལྦའེ་ཨེ་སི་ར་ཇན་དང་བཙན་བྱོལ་བོད་གཞུང་འཆར་འགོད་ལྷན་ཁང་གི་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་དང༌། ཤེས་རིག་ལྷན་ཁང་གི་དྲུང་ཆེ་ཀརྨ་དགེ་ལེགས་གཡུ་ཐོག་བཅས་མཉམ་ཞུགས་གནང་གི་ཡོད་པ་རེད།

ལྷན་ཚོགས་གནང་བའི་དུས་ཡུན་ཉིན་གསུམ་རིང་བོད་པའི་ཆེད་ལས་པ་ཚོའི་དབར་བགྲོ་གླེང་གནང་རྒྱུ་ཡིན་ཞིང༌། རྒྱ་གར་དང་ཕྱི་རྒྱལ་ཡུལ་ཁག་ནས་བོད་པའི་ཆེད་ལས་པ་༨༠ནས་༡༠༠བར་མཉམ་ཞུགས་གནང་ཐུབ་པའི་རེ་བ་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎