རྒྱ་གར་དུ་བོད་པའི་སློབ་གྲར་ཁོར་ཡུག་གོ་རྟོགས་སྤེལ་བཞིན་པ།

རྒྱ་གར་ནང་གི་བོད་མིའི་སློབ་གྲྭ་ཁག་ཅིག་གི་ནང་བོད་ནང་གི་ཁོར་ཡུག་གནས་བབས་ཀྱི་གོ་རྟོག་སྤེལ་བའི་ལས་འགུལ་ཞིག་སྤེལ་མུས་ཡིན་འདུག

2010.07.17

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་བཅུ་དོན་ལྔར་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལས་འཆར་གྱི་ཁོངས་ བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་སྡེ་ཚན་ནས་ རྒྱ་གར་ནང་གི་བོད་མིའི་སློབ་གྲྭ་ཁག་ཅིག་གི་ནང་བོད་ནང་གི་ཁོར་ཡུག་གནས་བབས་ཀྱི་གོ་རྟོག་སྤེལ་བའི་ལས་འགུལ་ཞིག་སྤེལ་མུས་ཡིན་འདུག

དེ་ཡང་ཕྱི་ཟླ་༧པའི་ཚེས་༡༧ཉིན་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་ བོད་གཞུང་ཁོར་ཡུག་དང་འཕེལ་རྒྱས་སྡེ་ཚན་གྱི་ལས་བྱེད་པ་འཇིགས་མེད་ནོར་བུ་ལགས་དང་ཆོས་སྐྱིད་ལགས་གཉིས་ཕྱི་ཟླ་༧པའི་ཚེས་༡༥དང་༡༦བཅས་ཉིན་གྲངས་གཉིས་རིང་མ་ནཱ་ལི་དང་སྦུན་ཏར་ས་གནས་སུ་ཡོད་པའི་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སམ་སྦོ་ཊའི་སློབ་གྲྭ་ཁག་ཏུ་ཁོར་ཡུག་གོ་རྟོག་གི་ལས་དོན་སྤེལ་བར་ཕེབས་འདུག་ཅིང་ ཆོས་སྐྱིད་ལགས་ནས་བོད་ཀྱི་ས་མཐོའི་གནམ་གཤིས་ལ་འགྱུར་ལྡོག་འགྲོ་བཞིན་པ་དང་ བོད་ཀྱི་ཆུ་ཆེན་ཁག་གི་ཤུགས་རྐྱེན་སོགས་གསལ་བཤད་གནང་འདུག ཡང་འཇིགས་མེད་ནོར་བུ་ལགས་ཀྱིས་བོད་ནང་གི་རང་འབྱུང་གཏེར་རྫས་ཀྱི་རྣམ་གྲངས་དང་ དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་ཤུགས་ཆེ་བྱེད་བཞིན་པ་སོགས་གསལ་བཤད་གནང་ཞིང་ ཁོང་གིས་སློབ་ཕྲུག་ཚོའི་ངོས་ནས་བོད་ཀྱི་རང་འབྱུང་གི་ཁོར་ཡུག་གི་གནས་སྟངས་གསལ་བཤད་བྱེད་སྐབས་དོ་སྣང་ཆེན་པོའི་ཐོག་ནས་ཉན་པར་མ་ཟད་བགྲོ་གླེང་གི་ནང་ཆ་ཤས་ཆེན་པོ་བླངས་ཡོད་པ་གསུངས་འདུག

བཙན་བྱོལ་བོད་གཞུང་ཁོར་ཡུག་སྡེ་ཚན་གྱི་ལས་བྱེད་པ་ཚོ་ལ་དྭགས་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་ཏུ་ཁོར་ཡུག་གོ་རྟོག་གི་ལས་འགུལ་སྤེལ་བར་ཕེབས་རྒྱུ་ཡིན་འདུག་པ་དང་ ཕྱི་ཟླ་བརྒྱད་པའི་ནང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་ཡོད་པའི་སློབ་གྲྭ་དགུའི་ནང་ལས་འགུལ་དེ་མུ་འཐུད་སྤེལ་ཏེ་ རིམ་པས་རྒྱ་གར་གྱི་ནང་ཡོད་པའི་བོད་མིའི་སློབ་གྲྭ་ཚང་མའི་ནང་ལས་འགུལ་སྤེལ་ཐུབ་པ་གནང་རྒྱུ་ཡིན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎