བྷེན་ཀོག་དུས་བབ་ཀྱིས་སྲིད་སྐྱོང་ལ་བཅར་འདྲི།


2014.01.07
སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྲིད་སྐྱོང་མཆོག་ཨ་རིའི་གནད་ཡོད་མི་སྣ་དང་མཇལ་འཕྲད།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ་བཀྲ་ཤིས།

Thailand ཉིན་རེའི་གསར་ཤོག་བྷེན་ཀོག་དུས་བབ་ཞེས་བས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བོད་དོན་བཅར་འདྲི་བྱས་འདུག
དེ་ཡང་གསར་ཤོག་དེའི་གསར་འགོད་པས་Asia Focusཞེས་ཨེ་ཤེ་ཡར་དམིགས་པའི་ལས་རིམ་ནང་བོད་དོན་ཐད་ཕྱོགས་འདྲ་མིན་ནས་བཀའ་འདྲི་ཞུས་སྐབས། ནང་བའི་རྒྱལ་ཁབ་ཁག་གིས་བོད་མིའི་གནས་སྟངས་ཐད་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་དོན་རྒྱབ་སྐྱོར་བྱ་རྒྱུའི་ཀུན་སློང་ཡོད་པ་རེད། ཡིན་ནའང་ཁོང་ཚོའི་ཐོག་ལ་རྒྱ་ནག་གིས་ཆབ་སྲིད་ཀྱི་གནོན་ཤུགས་ཡོང་བཞིན་པ་ཡིན་དུས་དེང་གི་འཛམ་གླིང་གི་ཆབ་སྲིད་གནས་སྟངས་ལ་ཁོང་ཚོར་བློ་འཚབ་སྐྱེས་བཞིན་པ་རེད་ཅེས་དང་། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ནང་ལ་འཁོད་པའི་ཆ་རྐྱེན་གཞིར་བཟུང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དགོས་ཞེས་ཤོད་ཀྱི་ཡོད། བོད་མི་ཚོ་འཛམ་གླིང་གི་མཐོ་སྒང་བོད་ནང་ལོ་བརྒྱ་ཕྲག་མང་པོའི་རིང་
འཚོ་གནས་བྱས་ཡོད་ལ། བོད་ཀྱི་ཡུལ་དེ་རྒྱུ་མཚན་ལྡན་ཞིང་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་དགོས་མཁོ་གཞིར་བཟུང་གསར་དུ་བསྐྲུན་པ་ཞིག་མ་རེད་ཞེས་གསུང་འདུག
བོད་ཀྱི་རྩ་དོན་འཐབ་རྩོད་ཐད་བོད་ཕྱི་ནང་གཉིས་ནང་གནས་པའི་བོད་མིའི་དབར་ལངས་ཕྱོགས་ཐུན་མོང་ཡིན་མིན་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ། སྲིད་སྐྱོང་མཆོག་གིས་
བོད་ནང་གི་བོིད་མི་ཚོས་ང་ཚོའི་ལངས་ཕྱོགས་ལ་མོས་མཐུན་བྱེད་བཞིན་པ་གསལ་པོ་
ཞེ་དྲག་རེད་བསམ་གྱི་ཡོད། དབུ་མའི་ལམ་ལ་མཚོན་ན་བོད་ཀྱི་ཆབ་སྲིད་ཀྱི་ཕྱི་ཚུལ་རྣམ་པ་དང་། རྒྱ་ནག་གི་སྟོབས་ཤུགས། རྒྱ་གར་གྱི་ཁེ་ཕན། བོད་ནང་གི་དངོས་ཡོད་གནས་སྟངས། འདས་པའི་རྒྱལ་རབས་ལོ་རྒྱུས། འཛམ་གླིང་སྤྱིའི་ངོས་ནས་བོད་ཀྱི་ཐོག་ལ་བལྟ་སྟངས་སོགས་གནད་དོན་སྣ་ཚོགས་ཐོག་ལ་༧གོང་ས་མཆོག་དང་བོད་མིའི་དབུ་ཁྲིད་ཚོའི་དབར་ཕྱི་ལོ་ ༡༩༧༠་སྐབས་ནས་གོ་བསྡུར་སྦྱང་བཤད་བྱས་ནས་ཡོང་བའི་མཇུག་འབྲས་རེད། བོད་ནང་གི་བོད་མི་ཚོས་བཏོན་པའི་བསམ་འཆར་དེ་དག་ཡང་དབུ་མའི་ལམ་གྱི་གོ་བསྡུར་དེ་ཚོའི་ནང་གི་ཆ་ཤས་ཆགས་ཡོད་རེད་ཞེས་གསུང་འདུག
གསར་འགོད་པ་འབེན་པ་སྟོབས་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎