རྒྱ་ནག་གཞུང་གིས་བོད་མི་གསུམ་ལ་ཉེས་ཆད་བཀལ་བ།

རྒྱ་ནག་གཞུང་གིས་བོད་མི་གསུམ་ལ་ལོ་བརྒྱད་ནས་ཚེ་བཙོན་བར་བཙོན་དུས་ཀྱི་ཉེས་ཆད་བཀལ་ཡོད་པའི་གནས་ཚུལ་ཐོན་འདུག

2009.09.10

༄༅༎སྔ་ལོ་བོད་ནང་ཞི་རྒོལ་ཆེན་མོའ་སྐབས་ཕྱི་ཕྱོགས་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་བཙུགས་འོག་རྒྱ་ནག་གཞུང་གིས་བོད་མི་གསུམ་ལ་ལོ་བརྒྱད་ནས་ཚེ་བཙོན་བར་བཙོན་དུས་ཀྱི་ཉེས་ཆད་བཀལ་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་བཀོད་འདུག

བོད་མི་གསུམ་པོ་རྣམས་ནི་དབང་འདུས་དང་ཕུན་ཚོགས་རྡོ་རྗེ་ ཚེ་དབང་རྡོ་རྗེ་བཅས་ཡིན་པ་རེད། དགུང་ལོ་༣༩དང་ལྷ་སའི་ཉེ་འཁྲིས་སྟག་རྩེ་རྫོང་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་དབང་འདུས་ལགས་ལ་ཚེ་བཙོན་གྱི་ཉེས་ཆད་བཀལ་ཡོད་འདུག ཁོང་དེ་སྔ་ལྷ་ས་གཙུག་ལག་ཁང་ནང་བཞུགས་སྐབས་༡༩༨༩ཕྱི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ལྷ་སའི་ནང་བོད་མིའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ནང་བཞུགས་པའི་རྐྱེན་གྱིས་གསང་ཡིབ་བཙོན་ཁང་ནང་ལོ་གསུམ་བཙོན་དུས་རྒྱུགས་ཡོད་པ་དང་བཙན་ཁང་ནང་བཞུགས་རིང་རྒྱ་ནག་ལ་ངོ་རྒོལ་མཚོན་པའི་ཆབ་སྲིད་ཀྱི་ལས་འགུལ་མུ་མཐུད་སྤེལ་པའི་རྐྱེན་སླར་ཡང་ལོ་བཞིའི་བཙོན་དུས་ཕར་མ་ཕོག་ཡོད་པ་རེད། ༡༩༩༩ལོར་ཐར་ཁོང་གྲ་བཞི་བཙོན་ཁང་ནས་གློད་བཀྲོལ་བྱུང་ཡོད་པ་དང་དེ་ནས་བཟུང་སྔ་ལོ་ཞི་རྒོལ་ཆེན་མོའི་སྐབས་སླར་ཡང་འཛིན་བཟུང་མ་བྱས་པར་ལྷ་སའི་ནང་ཨེ་ཛེ་འམ་ལྷན་སྐྱེས་སྲིན་འབུ་འཁྱུག་པའི་ནད་གཞི་གོ་རྟོགས་སྤེལ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་ཕྱག་ལས་གནང་ཡོད་པ་རེད། ཡང་དགུང་ལོ་༤༠ཡིན་པ་ལྷ་སར་བཅའ་བཞུགས་ཕུན་ཚོགས་རྡོ་རྗེ་ལགས་ལ་ལོ་དགུའི་བཙོན་དུས་ཀྱི་ཉེས་ཆད་བཀལ་ཡོད་པ་རེད། ཁོང་ཡང་དེ་སྔ་༡༩༨༩ལྷ་སའི་ནང་བོད་མིའི་ཞི་བའི་གྱེན་ལངས་སྐབས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་བཙུགས་འོག་ལོ་བརྒྱད་རིང་བཙོན་ཁང་ནང་བཞུགས་ཡོད་པ་རེད། དེ་ནས་དགུང་ལོ་༤༠དང་ཆབ་མདོ་དཔའ་ཤོད་རྫོང་ནང་འཁྲུངས་པ་དང་ལྷ་ས་ཚེ་སྨོན་གླིང་ནང་ལྷ་བྲིས་གནང་མཁན་ཚེ་དབང་ཕུན་ཚོགས་ལགས་ལ་ལོ་བརྒྱད་རིང་བཙོན་དུས་ཀྱི་ཉེས་ཆད་བཏང་འདུག་པ་དང་ཁོང་ཡང་དེ་སྔ་༡༩༨༩ལོར་ལྷ་སའི་ནང་བོད་མིའི་ཞི་བའི་གྱེན་ལངས་ནང་བཞུགས་པའི་རྐྱེན་གསང་ཡིབ་བཙོན་ཁང་ནང་ལོ་གསུམ་རིང་བཙོན་དུས་རྒྱུགས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎