ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོས་བོད་དོན་རྒྱབ་སྐྱོར་ནན་བརྗོད།

ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོས་བོད་ལ་དོན་སྙིང་ལྡན་པའི་རང་སྐྱོང་གི་གནས་བབ་ཐད་ལ་རྒྱབ་སྐྱོར་ཆ་ཚང་ཡོད་པནན་བརྗོད་གནང་འདུག

2008.07.10

༄༅༎ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་བོད་ལ་དོན་སྙིང་ལྡན་པའི་རང་སྐྱོང་གི་གནས་བབ་ཐད་ལ་རྒྱབ་སྐྱོར་ཆ་ཚང་ཡོད་པའི་བཞེངས་ཕྱོགས་ནན་བརྗོད་གནང་འདུག་༎

ཁ་ས་ཚེས་༡༠ཉིན་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ ཧའན་སེ་གར་ཏེ་པོ་ཀྲེ་རིང་ མཆོག་གིས་ ༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དབར་གྲུབ་འབྲས་ལྡན་པའི་ཞི་མོལ་མདུན་བསྐྱོད་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་སྐོར་རེས་གཟའ་ལྷག་པའི་ཉིན་གསལ་འདོན་གནང་ཡོད་པ་རེད་ དེ་ཡང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསུང་ན་ ཏཱ་ལའི་བླ་མས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་སེལ་ཐབས་གནང་པ་དང་ དེ་ཡང་ལམ་དབུ་མའི་ཐབས་ལམ་གཞི་ལ་བཅོལ་སྟེ་ རིག་གཞུང་དང་ཆོས་ཕྱོགས་ཀྱི་ཐད་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འཐབ་རྩོད་གནང་པ་ལས་ གཞན་རྒྱ་ནག་གི་བོད་ཐོག་ས་ཁོངས་ཀྱི་བདག་དབང་ཐད་ལ་རྩོད་གླེང་གང་ཡང་གནང་གི་མེད་སྐོར་དང་ ༸གོང་ས་ཏཱ་ལའི་བླ་མའི་བོད་དོན་འཐབ་རྩོད་ཀྱི་བཞེངས་ཕྱོགས་དེར་ཡོ་རོབ་གྲོས་ཚོགས་ངོས་ནས་རྒྱབ་སྐྱོར་ཆ་ཚང་ཡོད་ཅེས་གསལ་འདོན་གནང་ཡོད་པ་རེད་ ཡང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ ཧའན་སེ་གར་ཏེ་པོ་ཀྲེ་རིང་ མཆོག་ནས་ ཉེ་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པའི་ཐོག་ནས་དངོས་ཡོད་ཀྱི་གྲུབ་འབྲས་མཐོང་རྒྱུ་མེད་པ་དེར་ཐུགས་ཕམ་ཡོད་སྐོར་དང་ གནད་དོན་འདིའི་ཐད་ནས་ཁོང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འགོ་འབྱེད་ཀྱི་མཛད་སྒོར་ཕེབས་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་ཅེས་འགྲེལ་བརྗོད་གནང་འདུག་༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎