ཤར་ཏུར་ཀི་སི་ཐན་གྱི་ཨ་ཁི་སུའུ་སློབ་གྲྭའི་དགེ་རྒན་ཉི་ཤུ་ལྷག་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ཨ་ཁི་སུའུ་སློབ་གྲྭའི་དགེ་རྒན་ཉི་ཤུ་ལྷག་འཛིན་བཟུང་བྱས་ཡོད་པ་རྣམས་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
- 2025-02-25
-
-
-
* འབྲེལ་ཡོད་གནས་ཚུལ་དབྱིན་ཡིག
དེ་ཡང་ཤར་ཏུར་ཀི་སི་ཐན་གྱི་མཐོ་སློབ་ཅིག་གི་དགེ་རྒན་ཡུ་གུར་བ་ཉི་ཤུ་ལྷག་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་ཡང་བཙོན་འཇུག་ཁྲིམས་ཆད་འཁུར་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སློབ་གྲྭ་དེའི་དཔོན་རིགས་ཤིག་བརྒྱུད་གནས་ཚུལ་བདེན་དཔང་བྱེད་ཐུབ་ཡོད་པ་དང་། ཁོང་ཚོ་འཛིན་བཟུང་བྱས་ནས་ལོ་ངོ་བརྒྱད་འཁོར་བའི་སྐབས་དེར་རྒྱ་ནག་གི་ནུབ་བྱང་མངའ་ཁུལ་གྱི་དབང་འཛིན་པ་ཚོས་ཡུ་གུར་གྱི་ཤེས་ཡོན་ཅན་དང་། སློབ་གསོ་བ། ཚོང་པ་དང་རིག་གཞུང་མི་སྣ་མང་པོ་ཞིག་སློབ་གསོ་བསྐྱར་མ་སྤྲོད་སའི་ལྟེ་གནས་ཁང་དུ་བཙོན་འཇུག་བྱས་ཏེ་རྒྱ་ནག་གིས་བཤད་པའི་འཇིགས་སྐུལ་དྲག་སྤྱོད་དང་ཆོས་ལུགས་ཐལ་སྤྱོད་སྔོན་འགོག་བྱས་ཡོད་ཚུལ་བཀོད་འདུག
དེ་བཞིན་འདས་པའི་གཟའ་འཁོར་སྔོན་མའི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཁི་སུའུ་གྲོང་ཁྱེར་གྱི་ཨ་ཁི་སུའུ་ཤེས་ཡོན་སློབ་གསོའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལོ་ན་ ༥༩ ཡིན་པའི་ལོ་རྒྱུས་སྨྲ་བ་གྲགས་ཅན་གོ་ཇཱ་ནི་ཡཱ་ཟི་ཡོ་ལུ་ཌེ་ཁིན་ (Ghojaniyaz Yollugh Tekin) ལགས་ཀྱིས་ཞིབ་འཇུག་རྩོམ་ཡིག་ཞིག་བྲིས་ཡོད་པའི་ནང་ཡུ་གུར་བ་ཚོ་ཏུར་ཀེ་འཛམ་གླིང་གི་ཆ་ཤས་ཤིག་ཡིན་པ་ལས་རྒྱ་ནག་གི་ཆ་ཤས་ཤིག་མིན་པའི་ལྟ་ཚུལ་བརྗོད་པའི་རྐྱེན་གྱིས་ཁོང་ཕྱི་ལོ་༢༠༡༧ལོར་འཛིན་བཟུང་གིས་ཕྱི་༢༠༡༨ ལོའི་མཇུག་ཏུ་ལོ་ ༡༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
ས་གནས་སུ་ལས་ཀ་བྱེད་མཁན་གྱི་ཉེན་རྟོག་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ན། ཕྱི་ལོ་ ༢༠༡༧ ལོར་སློབ་གྲྭ་དེས་སློབ་གསོའི་ལས་དོན་གཉེར་མཁན་མི་སྣ་གཞན་ ༢༦ འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད་མང་ཆེ་བ་སྐྱེས་པ་ཡིན་པ་བརྗོད་འདུག
ཡང་ཨ་ཁིསུའུ་ཡི་གནས་སྟངས་ལ་རྒྱུས་མངའ་ཡོད་པའི་མི་ཞིག་གིས་བརྗོད་ན། མིང་ལ་ཨ་བྷི་ཌུ་ས་ལམ (Abdusalam) ཞེས་པའི་རྩོམ་རིག་དགེ་རྒན་ཞིག་ལ་ཆོས་ལུགས་ལ་དད་མོས་བྱས་པའི་རྐྱེན་གྱིས་འབྲེལ་ཡོད་ལས་ཁུངས་ཀྱིས་ཐེངས་མང་པོར་འདྲི་རྩད་བྱས་ཏེ། མཐའ་མཇུག་གནས་སྐབས་རིང་ལས་ཀ་མཚམས་འཇོག་བྱེད་དུ་བཅུག་པའི་གནས་ཚུལ་ཡང་ཐོན་ཡོད་འདུག དེ་མིན་ཡང་མིང་ལ་ཌུའུ་ཡི་གྷན་ཨ་བྷུ་ཝེ་ལི་ (Tuyghun Abduweli) ཞེས་པའི་ལས་བྱེད་ཅིག་ནས་གོང་ཞུས་སློབ་གླིང་དེའི་དགེ་རྒན་བརྒྱ་ཆ་ ༡༠ ཙམ་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོ་ཚང་མ་ད་ལྟ་བཙོན་ཁང་ནང་དུ་ཡོད་ཅེས་བརྗོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།