ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་གསུམ་བཅུའི་དུས་དྲན་ཆེད་ཁེ་ཎ་ཌར་ཕེབས་འདུག

ཁེ་ཎ་ཌར་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་སྐབས་དོན་འགྲུབ་དབང་ཆེན་ལགས་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་ནས་ཕེབས་འབྱོར་བྱུང་འདུག

ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཁེ་ཎ་ཌར་ཕེབས་འབྱོར་སྐབས། ༠༣།༠༧།༢༠༢༣ TCCC

དེ་ཡང་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོའི་ནང་ཡོད་པའི་བོད་མིའི་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ཚོགས་པ། མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཚོགས་པ་ལྔས། ཁེ་ཎ་ཌར་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་སྐབས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དོན་འགྲུབ་དབང་ཆེན་ལགས་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལྟར་འདི་ཚེས་༧ཉིན་ཁོང་ཁེ་ཎ་ཌར་ཕེབས་འབྱོར་བྱུང་འདུག
ཚོགས་པ་ལྔས་མཉམ་དུ་གསལ་བསྒྲགས་སྤེལ་བ་ལྟར་ན། ད་རེས་དོན་འགྲུབ་དབང་ཆེན་ལགས་ཁུལ་དེར་ཕེབས་པ་ཐེངས་དང་པོ་ཡིན་པ་དང་། གདན་འདྲེན་གནང་དགོས་དོན་ནི། ཁོང་ནི་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་མཁན་དང་བོད་ནས་ཕེབས་པའི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ཞིག་ཡིན་པར་བརྟེན། ད་རེས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤པའི་དམིགས་བསལ་སྐུ་མགྲོན་དུ་གདན་ཞུ་གནང་བ་ལྟར་མཉམ་ཞུགས་ཀྱིས་གཏམ་བཤད་གནང་རྒྱུ་ཡིན་པ་རེད་འདུག
དེ་བཞིན་ཚེས་༨ཉིན་ཁོང་གིས་ས་གནས་མི་མང་ལ་བོད་དོན་གཏམ་བཤད་གནང་བ་དང་མཉམ་ཁོང་གིས་བཟོ་བསྐྲུན་གནང་བའི་བོད་ནང་གི་དངོས་ཡོད་གནས་སྟངས་བརྙན་ལ་བླངས་བའི་འཇིགས་བྲལ་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་ལ། དོན་འགྲུབ་དབང་ཆེན་ལགས་ཀྱིས་ཁོང་ད་རེས་ཁེ་ཎ་ཌའི་ནང་མགྲོན་འབོད་གནང་བར་དགའ་ཚོར་ཆེན་པོ་བྱུང་བ་དང་ཐུགས་རྗེ་ཆེ་གསུངས་འདུག
ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས། དེ་སྔ་ཕྱི་ལོ་༢༠༠༨ལོར་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་རྒྱ་ནག་ནང་འཚོགས་ལ་ཉེ་སྐབས། བོད་ནང་གི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་ཀྱིས་གསང་བའི་ཐོག་ནས་དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པ་བརྙན་ཕབ་གནང་བ་དེས་རྐྱེན་པས། རྗེས་སུ་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་འགར་དུས་བཀག་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་བ་དང་། བཙོན་གྲོལ་རྗེས་ཨ་རིར་སྐྱབས་བཅོལ་དུ་ཕེབས་ནས་རིམ་པས་ཨ་རི་གཙོས་ཕྱིའི་ཡུལ་གྲུ་ཁག་ལ་ཞུ་གཏུག་རིམ་པ་གནང་ཡོད་པ་རེད། ཁོང་རང་ཉིད་གློད་བཀྲོལ་ཐོབ་ནས་རང་དབང་ལུང་པར་བཞུགས་ཐུབ་པ་ཙམ་མ་ཡིན་པར་མུ་མཐུད་དུ་ཨ་རིའི་གྲོས་ཚོགས་དང་། ཡོ་རོབ་གྲོས་ཚོགས། གཞན་ཡང་འབྲེལ་ཡོད་རྒྱལ་ཁབ་འགའ་ཤས་ཀྱི་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་སྤྱི་དང་། ལྷག་པར་དུ་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་ཐབས་ཀྱི་འབོད་སྐུལ་ལས་འགུལ་སྤེལ་བཞིན་པ་དང་། བོད་མི་ཚོར་ཡང་བོད་དོན་དྲན་གསོ་གནང་བ་སོགས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་ནས་སྤེལ་གནང་བཞིན་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org