བོད་ལ་འཛིན་པ-འི་སྲིད་ཇུས་ལ་བསྐྱར་ཞིབ་དགོས།

༧གོང་ས་མཆོག་གིས་རྒྱ་ནག་གཞུང་གིས་མི་ལོ་དྲུག་ཅུའི་རིང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངེས་པར་དུ་བསྐྱར་ཞིབ་བྱ་དགོས་པའི་བཀའ།

2011.11.04

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་གསར་འགོད་པར། རྒྱ་ནག་གཞུང་གིས་མི་ལོ་དྲུག་ཅུའི་རིང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངེས་པར་དུ་བསྐྱར་ཞིབ་བྱ་དགོས་པ་དང༌། བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་དེ་ཡིས་རྒྱ་ནག་གཞུང་གི་འདོད་འདུན་འགྲུབ་རྒྱུ་མིན་པ་མ་ཟད། དེ་ཡིས་སྤྱི་ཚོགས་བརྟན་ལྷིང་དང་ཞི་བདེ་སྐྲུན་ཐུབ་རྒྱུ་མིན་པའི་སྐོར་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་མོལ་དེ་ནི། ཉི་ཧོང་གི་ས་གནས་སེན་ཌའེ་དུ་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་བོད་ནང་དུ་རང་ལུས་མེ་བསྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་གནང་བ་ཞིག་ཡིན་ཞིང༌། ༧གོང་ས་མཆོག་གིས་སྐབས་དེར་གསར་འགོད་པའི་བཀའ་འདྲི་ཞུས་པ་ཁག་ལ་བཀའ་མུ་མཐུད་གནང་བའི་ནང༌། འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང། ངོས་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བོད་མིའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན་པ་དང༌། ད་ལྟ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འཚམས་འདྲི་གནང་བཞིན་ཡོད་པས་བོད་ནང་དུ་བོད་མི་ཚོས་རང་ལུས་མེ་བསྲེག་གཏོང་བའི་དོན་རྐྱེན་སྐོར་ཁོང་ལ་བཀའ་འདྲི་ཞུས་ན་ཡག་གི་རེད་ཅེས་དང༌། ཡིན་ནའང་ངོས་རང་བོད་མི་ཞིག་ཡིན་པའི་གནས་བབ་ཀྱི་ཐོག་ནས་བཤད་པ་ཡིན་ན།
བོད་ནང་དུ་ཐོན་པའི་དོན་རྐྱེན་དེ་དག་ནི་ཧ་ཅང་གི་ཡིད་སྐྱོ་དགོས་པ་ཞིག་རེད། རྒྱ་ནག་གི་དཔོན་རིགས་ཚོས་དོན་རྐྱེན་དེ་དག་གི་མཐར་ཐུག་གི་རྒྱུ་རྐྱེན་ག་རེ་ཡིན་མིན་ངེས་པར་དུ་བསམ་ཞིབ་བྱ་དགོས་པ་ཡིན་། བོད་ནང་གི་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུངས་ཡོད་པ་ཞིག་ཡིན་པ་ལས་དེ་ལྟར་མེད་ན་བོད་མི་སུ་གཅིག་གིས་རང་ལུས་མེ་བསྲེག་གཏོང་བའི་ཐབས་སྡུག་གི་ལམ་དེ་ལྟ་བུ་འདེམས་ཀ་བྱེད་ཀྱི་མ་རེད་ཅེས་དང༌། ཡང་༢༠༠༩ ལོར་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཤིག་གིས། རྒྱ་ནག་དབུས་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ཐོག་ངེས་པར་དུ་བསྐྱར་ཞིབ་བྱ་དགོས་པའི་རེ་འདུན་བྱས་ཡོད། ཁོང་གིས་བཏོན་པའི་རེ་འདུན་དེ་ནི། ཚན་རིག་དང་དོན་དངོས་གང་གི་ཐད་ནས་འགྲིག་པ་ཞིག་ཡིན་ཞིང༌། ད་ཆ་རྒྱ་ནག་གཞུང་གིས་བོད་ཐོག་ལ་མི་ལོ་དྲུག་བཅུ་རིང་འཛིན་པའི་སྲིད་ཇུས་དེར་བསྐྱར་ཞིབ་བྱེད་དགོས་པའི་དུས་ལ་འབབ་ཡོད་པ་རེད་ཅེས་བཀའ་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎