བོད་ཀྱི་གནས་སྟངས་འགྱུར་བ་འགྲོ་བའི་ཐུགས་རེ་ཡོད་གསུངས།
2012.08.30
༄༅། །རེས་གཟའ་ལྷག་པའི་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ལོ་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་གསར་པ་ ཞི་ཅིནྤིང་ (Xi Jinping) གྱིས་བོད་ཐོག་སྲིད་བྱུས་གསར་པ་གཏན་འབེབས་ཀྱིས་ལོ་བཅུ་ཕྲག་རིང་མཁྲེགས་བཟུང་གི་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་སྔོན་དཔག་བྱེད་དཀའ་ཡང་། བར་ལམ་ནས་གང་གསན་བཞིན་པ་དེས་ཐུགས་རེ་གསར་པ་ཞིག་བྱུང་གནང་ཡོད་སྐོར་རོའི་ཊརྶ་གསར་ལས་ཁང་གི་གསར་འགོད་པ་ ཇོན་ ཆལ་མརྶེ་དང་ ཕེ་རེངྒ་ ཇེཀ་ ཌེ་ནེའེལ་(John Chalmar and Frank Jack David)གཉིས་ཀྱིས་བཅར་འདྲི་ཞུ་སྐབས་གསུངས་ཡོད་འདུག གོང་ས་མཆོག་གིས་ཐུགས་ཐག་བཅད་ནས་གསུངས་མི་ཐུབ་ཀྱང་། གང་ཉིད་དང་ཐུགས་འདྲིས་ཡོད་པའི་རྒྱ་རིགས་མང་པོས། འབྱུང་འགྱུར་རྒྱ་ནག་དབུ་ཁྲིད་དེ་སྔ་ལས་གུ་ཡངས་བ་ཡོད་སྐོར་གསུངས་གནང་འདུག གལ་སྲིད་ཁོང་ཚོས། ཁོ་རང་ཚོའི་ཁེ་ཕན་ཆེད་དངོས་ཡོད་གནས་ཚུལ་ངོས་ལེན་བྱེད་ཀྱི་ཡོད་ན། ང་ཚོའི་ངོས་ནས་འཕྱར་གྲུ་མཉམ་འདེགས་ཆ་ཚང་གནང་རྒྱུར་གྲ་སྒྲིག་ཡོད་ཅེས་གསུངས་གནང་འདུག བདུན་ཕྲག་ཁ་ཤས་གོང་༧གོང་ས་མཆོག་གིས་བོད་རྒྱའི་ཞི་མོལ་ཕྱི་ལོ་༢༠༡༠ལོར་ཆད་པ་དེ་བསྐྱར་གསོ་བྱ་རྒྱུ་དོན་སྙིང་མེད་པ་དང་། ནམ་ཞིག་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ངོས་ལེན་གྱིས་ཞི་མོལ་བྱ་རྒྱུའི་འདུན་པ་མ་བཏོན་བར་དུ། སྐུ་ཉིད་ཀྱིས་བོད་རང་བཙན་རྩོད་ཀྱི་མེད་སྐོར་མཐའ་སྐྱེལ་གནང་རྒྱུར་དོན་སྙིང་མེད་པ་རེད་ཅེས་གསུངས་ཡོད་ཀྱང་། ད་ཆ་ཐུགས་རེ་གསར་པ་ཞིག་གནང་གི་ཡོད་ལུགས་གོང་ཞུས་གསར་འགོད་པ་ཐོུང་གིས་འགྲེལ་བརྗོད་གནང་འདུག།