༧གོང་ས་མཆོག་གིས་ཧྥིན་ལན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་གསར་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་ཡོང་བར་ལེགས་སྐྱེལ་འབུལ་ཐུབ་རྒྱུའི་ཐུགས་རེ་ཡོད་ཅེས་༧གོང་ས་མཆོག་གིས་ཧྥིན་ལན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་གསར་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
- 2023-06-23
-
-
-
Your browser doesn’t support HTML5 audio
ཕྱི་ཟླ་༦པའི་ཚེས་༢༣ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཧྥིན་ལན་ཌིའི་(Finland)་སྲིད་བློན་གསར་པ་སྐུ་ཞབས་(Petteri Orpo)་ལགས་སུ། སྲིད་བློན་དུ་འོས་ཐོབ་བྱུང་བར་འཚམས་འཕྲིན་བསྩལ་གནང་མཛད་པའི་ནང་། སྲིད་བློན་མཆོག་གི་མ་འོངས་ལས་དོན་ནང་དཀའ་ཁག་ལ་གདོང་ལེན་དང་། མི་མང་གི་རེ་འདོད་ཅི་བཞིན་སྐོང་ཐུབ་པའི་ཐུགས་སྨོན་དང་། དེ་དང་མཉམ་དུ་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་ཡོང་བར་ལེགས་སྐྱེལ་འབུལ་ཐུབ་རྒྱུའི་ཐུགས་རེ་ཡོད་པ་བཀའ་གནང་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༡༡ཕྱི་ཟླ་༨ནང་ཧྥིན་ལན་ཌི་རུ་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
ཕྱི་ཟླ་༦ཚེས་༢༣ཉིན་བསྩལ་བའི་གསུང་འཕྲིན་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧྥིན་ལན་ཌི་རུ་ཆིབས་བསྒྱུར་སྐབས། བྱམས་བརྩེ་གོང་སྤེལ་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ལྡན་པའི་ཐོག་ནས་ཆོས་ལུགས་མཐུན་དགོས་གལ་ཆེ་བའི་སྐོར་གྱི་བཀའ་སློབ་ཁག་ལ་མང་ཚོགས་ནས་དགའ་མོས་ཆེན་པོ་བྱས་པར་དགའ་སྤོབས་བྱུང་ཞེས་དང་། དེང་སྐབས་འཛམ་གླིང་གི་ས་ཁུལ་མང་དག་ཞིག་གི་ནང་དྲག་ཤུགས་དང་དམག་འཁྲུག་གི་རྐྱེན་པས་མི་ཧ་ཅང་མང་པོ་ཞིག་གིས་དཀའ་སྡུག་མྱོང་བཞིན་པ་ནི་ཆེས་བློ་ཕམ་གྱི་རང་བཞིན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཉམ་འབྲེལ་གྱི་ནུས་པ་མཉམ་སྤུངས་ཀྱི་དཀའ་རྙོག་དེ་རིགས་ཞི་བའི་སྒོ་ནས་སེལ་ཐབས་དགོས་གལ་ཆེ་ལ། ཕན་ཚུན་གྲོས་མོལ་བྱེད་རྒྱུ་ནི་གོ་མཚོན་གྱི་དཀའ་ངལ་མེད་པའི་འཛམ་གླིང་ཞིག་བཟོ་རྒྱུའི་ཐབས་ལམ་གཅིག་པུ་དེ་རེད་ཅེས་བཀའ་གནང་འདུག
སྐུ་ཞབས་པེ་ཊི་རེས་ཨོར་པོ་(Petteri Orpo)་ལགས་ནི་ཕྱི་ལོ་༡༩༦༩ལོ་ཧྥིན་ལན་ཌིའི་ལྷོ་ནུབ་ཕྱོགས་སུ་འཁྲུངས་ཤིང་། ད་ལྟ་དགུང་ལོ་༥༣ཡིན་པ་རེད། ཁོང་ནི་ཆབ་སྲིད་ཚན་རིག་རིག་པ་བ་ཞིག་ཡིན་ལ། ཕྱི་ལོ་༢༠༠༧་ལོ་ནས་བཟུང་ཧྥིན་ལན་ཌིའི་གྲོས་ཚོགས་འཐུས་མི་དང་། ཕྱི་ལོ་༢༠༡༦ལོ་ནས་བཟུང་ཡུལ་དེའི་རྒྱལ་ཡོངས་མཉམ་འབྲེལ་ཆབ་སྲིད་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཡོད་འདུག འདི་ལོ་ཕྱི་ཟླ་ ༤ པའི་ཧྥིན་ལན་ཌིའི་རྒྱལ་ཡོངས་འོས་བསྡུའི་སྐབས། ཁོང་དང་སྐབས་ཐོག་སྲིད་བློན་ལས་ཐོག་(SannaMarin)་བར་གྱི་འགྲན་བསྡུར་ཁྲོད་སྐུ་ཞབས་(Petteri Orpo)་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།