རྡོ་རྗེ་ལ་ལོ་གཉིས་ཀྱི་ཁྲིམས་ཆད།
2013.08.23
༄༅།།ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༦ ཉིན་ཁམས་འབྲི་རུ་ནས་ཡིན་པའི་དགུ་འགྲུབ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ནས་ཉིན་གཉིས་ཀྱི་རྗེས། དགུ་འགྲུབ་ཀྱི་ཚ་བོ་བཀྲ་ཤིས་ཆོས་དབང་དང། ཨ་བུ་བསོད་ནམས་གཉིས་དང་ལྷན་དུ་མི་འགའ་ཞིག་འཛིན་བཟུང་བྱས་པའི་ནང་ནས།
འབྲི་རུ་རྫོང་འབྲི་རུ་ཡུལ་ཚོ། མོ་པ་གྲོང་ཚོ་ནས་ཡིན་པ། ནམ་རྒྱུན་ལྷ་སར་གནས་སྡོད་བྱེད་མཁན། ཨ་བུ་བསོད་ནམས་ཀྱི་ཨ་ཁུ་རྡོ་རྗེ་ཞེས་པ་འཛིན་བཟུང་བྱས་ཏེ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས། ད་ལྟའི་ཆར་ལྷ་སའི་ཉེ་འགྲམ་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད་པའི་བཙོན་ཁང་ནང་བཅུག་ཡོད་པ་རེད། ཁྲིམས་ཐག་བཅད་པའི་ཚེས་གྲངས་སོགས་ཁ་གསལ་ཤེས་རྟོགས་མེད་པ་མ་ཟད། རོགས་པ་གཞན་རྣམས་ཀྱི་མིང་དང་ལོ་གྲངས། གང་དུ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་རེད།
རྡོ་རྗེའི་ཕ་མིང་ལ་འབྲས་ལྷུག་དང་མ་མིང་ལ་ཀླུ་མོ་ཚེ་སྐྱིད་བརྗོད་ཀྱི་ཡོད་པ་དང་། སྤྱིར་དེང་སང་འབྲི་རུ་རྫོང་དུ་དྲ་འཕྲིན་སོགས་ཀྱི་བརྒྱུད་ལམ་བཀག་ནས་ས་གནས་ས་ཐོག་ཏུ་འབྲེལ་བ་བྱ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ་བཅས་ཀྱི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཟླ་འདིའི་ཚེས་༢༢ཉིན་གནས་ཚུལ་བཀོད་སྤེལ་གནང་འདུག།