བོད་ནང་བོད་མི་ཚོས་རྒྱལ་མཚན་ནོར་བུ་ངོ་ཤེས་ཀྱི་མི་འདུག


2016.09.29
རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་ལ་འདེམས་བསྐོ་བྱས་བའི་རྒྱལ་མཚན་ནོར་བུ་རྒྱ་ནག་གི་ཚོགས་ཆེན་སྐབས། ༢༠༡༤།༣།།༣
AFP

རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་འདེམས་བསྐོ་བྱས་པ་རྒྱལ་མཚན་ནོར་བུས་བོད་ནང་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་ལས་འགན་ཆེན་པོ་འཁུར་ཐུབ་པ་བཟོ་རྒྱུའི་ཆེད་དུ་གསོ་སྐྱོང་བྱེད་མུས་ཡིན་འདུག  
དེ་ཡང་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནང་རྟེན་གཞི་བྱེད་པའི་The Washington Post་གསར་ཤོག་གི་གསར་འགོད་པ་Simon Denyer་ཡིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གནས་ཚུལ་སྤེལ་དོན་ལྟར་ན། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༡་ལ་ཕེབས་སྟབས། རྒྱ་ནག་དམར་ཤོག་ཚོགས་པས་ལོ་བཅུ་ཙམ་གྱི་གོང་ནས་༧གོང་ས་མཆོག་དགོངས་པ་རྫོགས་ཚུལ་བསྟན་པ་ཡིན་ན་རྒྱལ་མཚན་ནོར་བུ་བོད་མིའི་འགོ་ཁྲིད་ལ་བསྐོ་རྒྱུའི་གྲ་སྒྲིག་བྱེད་མུས་ཡིན་ཞིང་། འདི་ལོའི་ཕྱི་ཟླ་བདུན་པར་རྒྱལ་མཚན་ནོར་བུར་བོད་ནང་དུས་འཁོར་དབང་ཆེན་གནང་བཅུག་པ་ནས་བཟུང་བོད་ས་ཡོངས་ཀྱི་དགོན་པ་དང་ལྷན་ཁང་། སློབ་གྲ། སྨན་ཁང་སོགས་ལ་བྲེལ་འཚུབ་ངང་ཁྲིད་ནས་བོད་མི་མང་ནས་ཁོ་པར་དད་གུས་བྱེད་དགོས་པ་བཙན་འགེལ་བྱེད་ཀྱི་ཡོད་རུང་། ཉེ་དུས་Simon Denyer་ཁོང་རང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བསྐྱོད་སྐབས་༧པཎ་ཆེན་རིན་པོ་ཆེའི་སྐོར་ས་གནས་བོད་མི་རྣམས་ལ་སྐད་ཆ་དྲིས་དུས། ༧གོང་ས་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་ལས་རྒྱལ་མཚན་ནོར་བུ་ངོ་ཤེས་ཀྱི་མེད་པ་མ་ཟད། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པའི་སྐུ་པར་ཚོང་མཁན་ཚོང་ཁང་ཞིག་ནང་པཎ་ཆེན་སྐུ་གོང་མའི་སྐུ་པར་མང་པོ་ཡོད་པ་ལས་བོད་མི་ཚོས་རྒྱ་མིའི་པཎ་ཆེན་ནམ་པཎ་ཆེན་རྫུན་མ་ཞེས་འབོད་པ་རྒྱལ་མཚན་ནོར་བུའི་འདྲ་པར་གཅིག་ཀྱང་མེད་པ་དང་། དེའི་རྒྱུ་མཚན་སྐོར་སྐད་ཆ་དྲིས་སྐབས། ཚོང་པ་དེས་རྒྱ་མིའི་པཎ་ཆེན་གྱི་འདྲ་པར་ཉོ་མཁན་མེད་སྐོར་ལན་རྒྱབ་པ་མ་ཟད། མི་གཞན་ཞིག་གིས་ཁོ་པ་ནི་རྒྱ་མིའི་ནང་ཆོས་ཀྱི་དཔོན་རིགས་ཞེས་བོས་ནས་ངོས་ལེན་མེད་པའི་རྣམ་པ་བསྟན་འདུག།
ལྷ་སའི་ཇོ་ཁང་ནང་ལ་ཡང་པཎ་ཆེན་སྐུ་གོང་མའི་སྐུ་པར་མང་པོ་མཇལ་རྒྱུ་ཡོད་ན་ཡང་རྒྱ་མིའི་པཎ་ཆེན་གྱི་འདྲ་པར་མཐོང་རྒྱུ་མེད་པ་རེད། ད་ཆ་རང་ལོ་༢༦་ལ་སོན་པ་རྒྱལ་མཚན་ནོར་བུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་སྲུང་ཆ་དོ་དམ་པའི་འོག་གནས་མུས་ཡིན་སྟབས་ British Columbia་གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་ཚེ་རིང་ཤཀྱ་ལགས་ཀྱིས་རྒྱལ་མཚན་ནོར་བུ་༧པཎ་ཆེན་རིན་པོ་ཆེའི་གདན་ས་བཀྲིས་ལྷུན་པའི་ནང་སྡོད་ཀྱི་མེད་པ་དེས་ དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོ་པ་པཎ་ཆེན་སྐུ་གོང་མའི་ཡང་སྲིད་ཡིན་པར་ངོས་ལེན་གནང་གི་མེད་པ་ཕྱིར་གསལ་སྟོན་གྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎