རྒྱ་ནག་གི་དཔོན་རིགས་ཆིག་འབུམ་ལྔ་ཁྲིར་ཉེས་ཆད།
2011.06.22
༄༅༎རྒྱ་ནག་གུང་ཁྲན་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དཔོན་རིགས་ལྦུའུ་ལེང་དབྱུས་ཀྱིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གུང་ཁྲན་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྒྱ་ནག་ནང་དཔོན་རིགས་ཀྱི་གཞུང་དངུལ་ལྐོག་ཟ་དང་ ལྐོག་དངུལ་ལེན་པ་ ལས་གནས་ཀྱི་སྒྲིག་སྲོལ་དང་འགལ་བ་དང་ ལྷག་པར་དུ་ཆབ་སྲིད་དང་ སྒྲིག་འཛུགས་ཀྱི་སྒྲིལ་སྲོལ་དང་འགལ་མཁན་མི་གྲངས་ཁྲི་བཅོ་ལྔ་ལྷག་ཙམ་ལ་ཉེས་པ་བཏང་ལུགས་བརྗོད་ཡོད་པ་དང་ རྒྱ་ནག་རྒྱལ་ནང་དུ་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་རིགས་གྲངས་འབོར་ཧ་ཅང་མང་པོ་ཡོང་དགོས་དོན་དེ་ནི་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་འགྱུར་ལྡོག་འགྲོ་བཞིན་པའི་དུས་སྐབས་ཡིན་པར་བརྟེན་ནས་བྱུང་བ་ཞིག་ཡིན་ལུགས་འགྲེལ་བཤད་རྒྱབ་ཡོད་པ་དང་ རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དཔོན་རིགས་ལྦུའུ་ལེང་དབྱུས་ཀྱིས་རྒྱ་ནག་གི་ཁྲོམ་རའི་དཔལ་འབྱོར་གྱི་གནས་སྟངས་རིམ་པས་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པ་དང་ སྒྲིག་སྲོལ་དང་འགོག་ཐབས་ལམ་ལུགས་ཁག་ནང་རིམ་པས་འཛུཌ་བཞིན་ཡོད་པས་ མ་འོངས་ལྐོག་ཟ་རུལ་སུངས་ཀྱི་་བྱ་སྤྱོད་རིགས་སྤེལ་མཁན་ཉུང་དུ་འགྲོ་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་འདུག རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྒྱ་ནག་རྒྱལ་ཡོངས་སུ་ཞིབ་བཤེར་བྱས་པའི་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་ཁྲི་བཅུ་གསུམ་ལྷག་ཙམ་བྱུང་ཡོད་པ་དང་ དེ་ཚོའི་ནང་འབྲེལ་བ་ཡོད་པའི་གུང་ཁྲན་ཚོགས་པའི་དཔོན་རིགས་ཁྲི་བཅུ་བཞི་ལྷག་ཙམ་ལ་གུང་ཁྲན་ཚོགས་པའི་སྒྲིག་ཁྲིམས་གཞིར་བཟུང་ཉེས་ཆད་བཏང་ཡོད་ལུགས་དང་ དེ་མིན་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་དང་འབྲེལ་བ་ཡོད་པའི་མི་སྣ་ལྔ་སྟོང་ལྷག་ཙམ་ཁྲིམས་འཛིན་ལས་ཁང་ལ་རྩིས་སྤྲོད་བྱས་ལུགས་བརྗོད་འདུག་ལ་ རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དཔོན་རིགས་ལྦུའུ་ལེང་དབྱུས་ཀྱིས་རྒྱ་ནག་གཞུང་གིས་དྲ་རྒྱ་བརྒྱུད་ནས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཤེས་རྟོག་ཐུབ་རྒྱུར་དོ་སྣང་ཆེན་པོ་བྱེད་བཞིན་ལུགས་བརྗོད་འདུག