ཐེ་ཝན་གྱིས་རྒྱ་ནག་གི་དྲག་པོའི་དམག་སྦྱོང་ཐད་ལྟ་སྲུང་ནན་མོ་བྱས་བསྡད་ཡོད་པ་བརྗོད་འདུག

རྒྱ་ནག་གིས་ཐེ་ཝན་མཚོ་འགྲམ་དུ་དྲག་པོའི་དམག་སྦྱོང་བྱེད་བཞིན་པ་ནི་ཁ་བྲལ་རིང་ལུགས་པར་ཡ་ལན་ཡིན་ཚུལ་བརྗོད་འདུག་ལ་ཐེ་ཝན་གྱིས་རྒྱ་ནག་གི་དྲག་པོའི་དམག་སྦྱོང་ཐད་ལྟ་སྲུང་ནན་མོ་བྱས་བསྡད་ཡོད་པ་ལན་འདེབས་བྱས་འདུག

ཐེ་ཝན་དང་རྒྱ་ནག་གི་གནས་སྟངས་མཆོན་དོན་རི་མོ། REUTERS

རྒྱ་ནག་གཞུང་གིས་འདི་ཚེས་ ༡༧ ཉིན་གསལ་བསྒྲགས་སྤེལ་པའི་ནང་། འདི་ཚེས་ ༡༧ ཉིན་ཐེ་ཝན་མཚོ་འགྲམ་དུ་དྲག་པོའི་དམག་སྦྱོང་དང་འཐབ་འཛིང་གནམ་གྲུ་སོགས་འཕུར་བསྐྱོད་བྱས་བ་ནི་ཐེ་ཝན་སྲིད་འཛིན་གྱི་ཁ་བྲལ་བྱ་སྤྱོད་ལ་ཡ་ལན་ཡིན་ཞེས་བརྗོད་འདུག་ལ། དེའི་ཐད་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས། རྒྱ་ནག་གིས་ཐེ་ཝན་གྱི་ཉེ་འཁོར་ས་ཁུལ་དུ་འདི་ཚེས་ ༡༧ ཉིན་གྱི་སྔ་དྲོ་དང་ཕྱི་དྲོ་གཉིས་སུ་ (J-10) རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་དམག་གི་གནམ་གྲུ་གཞན་ ༥༤ མངགས་གཏོང་གིས། དམག་འཐབ་གྲ་སྒྲིག་གིས་སྐོར་གཡེང་དམག་སྦྱོང་བྱས་ཡོད་སྐོར་དང་། འཐབ་འཛིང་གནམ་གྲུ་དེ་དག་ཐེ་ཝན་གྱི་བྱང་ཕྱོགས་དང་ནུབ་ཕྱོགས། ལྷོ་ནུབ་དང་ཤར་ཕྱོགས་སུ་འཕུར་བསྐྱོད་བྱས་པར། ཐེ་ཝན་གྱི་མཁའ་དམག་དང་མཚོ་དམག་གཉིས་ཀྱིས་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག་ཅིང་། ཐེ་ཝན་གྱི་བདེ་འཇགས་ལས་བྱེད་པས། རྒྱ་ནག་གིས་ཐེ་ཝན་གྱི་ཉེ་འཁོར་དུ་དམག་སྦྱོང་རྒྱུན་གཏན་ཅན་དུ་བསྒྱུར་ཐབས་ཀྱིས། ཉིན་གྲངས་ ༧ ནས་ ༡༠ བར་འཆར་ཅན་མཚོ་འགྲམ་དུ་དམག་དོན་སྐོར་ཞིབ་བྱེད་ཀྱི་ཡོད་པ་བརྗོད་འདུག
རྒྱ་ནག་གི་ཐེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པས། གལ་ཏེ་ཐེ་ཝན་སྲིད་འཛིན་གྱིས་འཁྲུག་རྐྱེན་བསླངས་ཏེ་མེ་དང་རྩེད་མོ་རྩེད་པ་ཡིན་ན། རང་ཉིད་རྩ་མེད་དུ་འགྲོ་བའི་རྒྱུ་རྐྱེན་དུ་འགྱུར་བ་ལས་མ་འདས་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད་འདུག
ཡང་ཐེ་ཝན་གྱི་སྐམ་ས་ཆེན་མོའི་ལས་དོན་ལྷན་ཚོགས་ཀྱིས། པེ་ཅིང་གིས་ཐེ་ཝན་གླིང་ཕྲན་ལ་འཇིགས་སྐུལ་བསྟུད་མར་བྱས་ཏེ་ཐེ་ཝན་མཚོ་འགག་དེ་བཞིན་ཛ་དྲག་གི་གནས་སུ་བསྐྱལ་བ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་གཏོར་བཤིག་བཏང་ཡོད་ཅེས་དང་། རྒྱ་ནག་དམར་ཤོག་ཚོགས་པ་ནི་འཛམ་གླིང་འདིའི་ནང་གནོད་སྐྱོན་གཏོང་མཁན་ཞིག་ཡིན་པས། མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དམག་དོན་རྒྱ་སྐྱེད་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་འདུག
རྩ་བའི་ཐེ་ཝན་གཞུང་ངོས་ནས་རྒྱ་ནག་གི་ཐེ་ཝན་ཁུལ་དུ་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན་ཡང་སེ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་དེར་ཡ་ལན་བྱེད་ཀྱི་མེད་པ་དང་། ཐེ་ཝན་སྲིད་འཛིན་གྱིས་བདུན་ཕྲག་སྔོན་མར། རྒྱ་ནག་གིས་གླིང་ཕྲན་དེར་བཙན་འཛུལ་བྱེད་ཐབས་ཤུགས་ཆེ་བྱེད་བཞིན་པར་ཁ་གཏད་གཅོག་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་རྒྱལ་ཁབ་དེ་བཞིན་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བརྗོད་བཞིན་ཡོད་ཀྱང་། ཐེ་ཝན་གྱི་སྲིད་འཛིན་གྱིས་དེར་ངོས་ལེན་མི་བྱེད་པར། ཐེ་ཝན་མི་མང་གི་མ་འོངས་ནི་ཐེ་ཝན་མི་མང་རང་གི་ལག་པར་ཡོད་ཅེས་བསྐྱར་ནན་བྱེད་བཞིན་ཡོད་པ་རེད།།


གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org