བོད་ནང་མེ་འཁོར་གྱིས་ཁོར་ཡུག་ལ་གནོད་སྐྱོན་ཕྱིན་མེད་སྐོར།
2010.01.28
༄༅༎རྒྱ་ནག་གིས་མཚོ་སྔོན་ཞིང་ཆེན་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གྱི་མེ་འཁོར་རི་ལི་དེས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་གང་ཡང་བཏང་གི་མེད་པའི་འགྲེལ་བརྗོད་བྱས་བཞག། དེ་ཡང་མཚོ་སྔོན་ཞིང་ཆེན་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གྱི་མེ་འཁོར་རི་ལིའི་ལས་ཁང་གི་གཙོ་འཛིན་ལི་ལི་ཞུ་བས་ ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ལ་ མཚོ་སྔོན་ནས་བོད་བར་ཀྱི་རི་ལི་དེ་ནི་ཁོར་ཡུག་དང་ སྐྱེ་དངོིས་ལ་གནོད་སྐྱོན་མི་བཟོ་བའི་འགྲུལ་བསྐྱེལ་ཕན་ཐོགས་ཅན་ཞིག་རེད་ཅེས་བཤད་བཞག། མཚོ་སྔོན་ནས་བོད་བར་ཀྱི་རི་ལི་དེའི་བཙོག་ཆུ་བཤངས་མཁན་ཌག་འཁོར་ཉི་ཤུ་རྩ་གཅིག་ཙམ་ལྷ་ས་དང་ གོལ་མུག་ ཞི་ནིང་སོགས་སུ་ཆེད་འཛུགས་གནང་ཡོད་པ་དང་ལོ་གསུམ་ཙམ་ཀྱི་གོང་མཚོ་སྔོན་ནས་ལྷ་ས་བར་མེ་འཁོར་རི་ལི་བཙུགས་པ་ནས་བཟུང་ད་བར་ཁོར་ཡུག་ལ་གནོད་སྐྱོན་གང་ཡང་བཟོས་མེད་ལུགས་ལི་ལིས་མུ་མཐུད་བཤད་བཞག། རིང་ཚད་སྤྱི་ལེ་མི་ཌར་༡༩༥༦ཙམ་ཀྱི་ས་ལ་འགྲུལ་བསྐྱོད་བྱེད་མཁན་མཚོ་སྔོན་ནས་ལྷ་ས་བར་ཀྱི་རི་ལི་དེ་ཕྱི་ལོ་༢༠༠༦ལོའི་ཕྱི་ཟླ་༧ཚེས་༡ནས་འགོ་འཛུགས་བྱས་ཡོད་པ་དང་ཡར་འགྲོ་མར་འགྲོ་བྱེད་མཁན་འགྲུལ་པ་ཚང་མར་གད་རྙིགས་བླུག་སྣོད་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་ རི་ལིའི་ནང་གི་ཆབ་གསང་གི་བཙོག་ཆུ་ཡང་སེ་བཤངས་བ་སོགས་གནང་གི་ཡོད་ལུགས་རྒྱ་ནག་གིས་གསུང་བཞག། རི་ལི་དེ་བཞིན་མཚོ་སྔོན་ནས་ཡར་ལུང་གཙང་པོ་སོགས་བོད་ཀྱི་གཙང་ཆུ་ཆེན་པོ་ལྔ་ཙམ་བརྒྱུད་ནས་ལྷ་སར་ཡོང་ཀྱི་ཡོད་པ་རེད།