རྒྱ་ནག་རྒྱལ་ཁབ་དམངས་གཙོ་དང་རང་དབང་གི་གནས་སྟངས་སྡུག་ཤོས་ཀྱི་གྲས་སུ་ལྷུང་འདུག
2020.01.27
༢༠༡༩་ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་དམངས་གཙོའི་གནས་སྟངས་ཞིབ་འཇུག་གནང་བའི་སྙན་ཐོའི་ནང་རྒྱ་ནག་ཨང་རིམ་སྡུག་ཤོས་ཀྱི་གྲས་སུ་ལྷུང་འདུག
(The Economist Intelligence Unit EIU)་ཞེས་པའི་དུས་དེབ་ཀྱིས་༢༠༡༩་ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་དམངས་གཙོའི་གནས་སྟངས་ཞིབ་འཇུག་གནང་བའི་སྙན་ཐོའི་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་། རྒྱ་ནག་མི་གཅིག་དབང་འཛིན་གྱི་རྒྱལ་ཁབ་དེ་རྒྱལ་སྤྱིའི་དམངས་གཙོའི་གནས་སྟངས་ལེགས་ཉེས་ཀྱི་གནས་རིམ་ཞིབ་འཇུག་གནང་བའི་ནང་ནས་ཆེས་སྡུག་ཤོས་ཀྱི་རིམ་པ་དམའ་ཤོས་ཀྱི་གྲས་སུ་བཞག་ཡོད་ཡོད་པ་དང་། དེ་ནི་འཛམ་གླིང་གི་རྒྱལ་ཁབ་༡༦༥འི་ནང་གི་དམངས་གཙོའི་གནས་སྟངས་ཞིབ་འཇུག་གནང་བའི་ནང་ནས། རྒྱ་ནག་ཨང་རིམ་༡༥༣་ལ་སླེབས་ཏེ་གནས་སྟངས་སྡུག་ཤོས་ཀྱི་ཨང་རིམ་ནང་ལྷུང་ཡོད་པའི་སྐོར་བཀོད་ཡོད་པ་རེད།
ད་རེས་ཀྱི་ཞིབ་འཇུག་དེའི་ནང་རྒྱ་ནག་ནི་གནད་དོན་ཁག་མི་འདྲ་བ་༢༣ ་འགལ་འཛོལ་བྱས་པའི་ཐོག་ནས་དམངས་གཙོའི་གནས་སྟངས་སྡུག་ཤོས་ཀྱི་ཨང་རིམ་དམའ་ཤོས་སུ་བཏོན་པ་ཡིན་ཞིང་། གཙོ་བོ་ནི་འདས་པའི་ལོ་དེའི་ནང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་ཚབས་ཆེའི་དབྱེ་འབྱེད་ཀྱི་བྱ་སྤྱོད་སྤེལ་བ་དང་། སོ་སོའི་མི་སེར་གྱི་སྤྱི་དམངས་ཐོབ་ཐང་ཐོག་རྟག་ཏུ་དྲག་གནོན་བྱས་པ་མ་ཟད། དམིགས་བསལ་གྲངས་ཉུང་མི་རིགས་ཐོག་གསང་བའི་པར་ཆས་བཙུགས་ནས་སོ་ལྟ་མུ་མཐུད་བྱེད་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
ད་དུང་གནས་ཚུལ་དེའི་ནང་། བོད་ནི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས་བོད་མི་རྣམས་ལ་རྒྱལ་གཅེས་སློབ་གསོ་བསྐྱར་མའི་ནང་དཀའ་སྡུག་མྱོང་མཁན་ཡིན་པའི་ཁར། བོད་ནང་གི་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་དགེ་འདུན་པ་ཕྱིར་ཕུད་དང་གྲྭ་ཤག་གཏོར་བཤིག་བཏང་བ། མང་པོ་ཞིག་སྐྱ་སར་བབ་ཏུ་བཅུག་པ། རྒྱ་ནག་གཞུང་གིས་དབང་བསྒྱུར་བྱས་པའི་བོད་ཀྱི་ས་ཁུལ་ནང་སྨྲ་བརྗོད་རང་དབང་སོགས་རང་དབང་མེད་པ། ༢༠༠༩་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཞི་བའི་ངོ་རྒོལ་བྱས་ཏེ་ད་བར་བོད་མི་༡༥༤་ཡིས་རང་ལུས་མེར་སྲེག་བཏང་བ། དེ་དང་ཕྱོགས་མཚུངས་ཤིན་ཅིང་ངམ་ཤར་ཏུར་ཀི་སི་ཐན་ནང་ལའང་རྒྱ་ནག་གཞུང་གིས་སྲིད་ཇུས་གཅིག་མཚུངས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་སོགས་གསལ་སྟོན་གནང་ཡོད་པ་རེད།