ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་གསུམ་པ་གནང་འདུག
2019.07.24

བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་གསུམ་པ་གནང་སོང་།
སྤྱི་ལོ་༢༠༡༩ ལོའི་སྤྱི་ཟླ་༧ པའི་སྤྱི་ཚེས་༢༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་བདུན་པ་གཞིར་བཟུང་། ཁ་མཆུ་ཨང་༢༠ ་པ་མ་ཉེས་ཁ་གཡོག་གི་གྱོད་དོན་ཐད། ཞིབ་གཅོད་ཉན་ཞིབ་ཐེངས་གསུམ་པ་གནང་ཞིང་། སྐབས་དེར་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་པའི་ཁོངས་ནས་དངོས་དོན་བཞི་པའི་ཞིབ་གཅོད་ཉན་ཞིབ་སྐབས། དངོས་དོན་བཞི་པ་ཞུ་སྦྱོར་བ་ཨ་རིའི་དོན་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཞུ་རྩ་༤།༧ནང་ཨ་རིའི་རོགས་དངུལ་མུ་མཐུད་རྒྱུན་སྐྱོང་ཡོང་བར་འཐུས་ཤོར་བཏང་བ་ཞེས་པ་དེར་ངོས་ལེན་རྩ་བ་ནས་མེད་ཞེས་འགྲེལ་བརྗོད་གནང་དང་ཆབས་ཅིག ཞུ་སྦྱོར་བས་ཨ་རིའི་རོགས་དངུལ་དང་འབྲེལ་བའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(ICT)་ལྷན་དུ་གྲོས་བསྡུར་ཞུས་ཡོད་ལ་ཐབས་ཤེས་གང་ཡོད་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་པར། བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་གསལ་བཤད་སྐབས། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་དོན་གཅོད་གནང་ཏེ་ཟླ་བ་དགུའི་རིང་ལ་ཨ་རིའི་རོགས་དངུལ་སྐོར་གང་ཡང་གནང་ཐུབ་མེད་པ་མ་ཟད། སྤྱི་ལོ་༢༠༡༧ ལོའི་སྤྱི་ཟླ་གཉིས་པའི་ནང་ཨ་རིའི་རོགས་དངུལ་ཐད་དཀའ་ངལ་འཕྲད་བཞིན་ཡོད་པ་ཞུ་སྦྱོར་བས་བཀའ་ཤག་ལ་སྙན་སེང་ཞུས་མེད་པ་རེད་ཅེས་གསལ་བཤད་གནང་སོང་ལ། དེར་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་སྐབས་དེར་སྲིད་སྐྱོང་རང་ཉིད་ཨ་རིར་ཕེབས་ཡོད་ཀྱང་རོགས་དངུལ་གྱི་དཀའ་ངལ་ཡོད་པའི་སྐོར་ཕྱིར་རྒྱ་གར་ལ་འབྱོར་བའི་རྗེས་སུ་མ་གཏོགས་མཁྱེན་རྟོགས་བྱུང་མེད་པ་བརྗོད་སོང་།
ཡང་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ལོ་༢༠༡༦ ལོའི་སྤྱི་ཟླ་༨ པའི་སྤྱི་ཚེས་༢༦ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ལྡི་ལི་དོན་གཅོད་ཁང་དུ་ཞུ་སྦྱོར་བ་ཁོང་དང་ལྷན་དུ་ཐུགས་འཕྲད་སྐབས། ཞུ་སྦྱོར་བ་རང་ཉིད་ཀྱིས་ཨ་རིའི་དོན་གཅོད་ཁང་གི་ངོས་ནས་ཨ་རིའི་རོགས་དངུལ་དང་འབྲེལ་བའི་ལས་དོན་མུ་མཐུད་དུ་སྒྲུབ་དགོས་མིན་ཐད་སྲིད་སྐྱོང་མཆོག་ལ་བཀའ་དྲིས་ཞུས་པར།
བཀའ་ལན་དུ་ཨ་རིའི་རོགས་དངུལ་དང་འབྲེལ་བའི་ལས་དོན་རྒྱུན་སྐྱོང་དགོས་ཀྱི་མ་རེད་ཅེས་གསལ་པོ་གསུངས་སོང་ཞེས་འགྲེལ་བརྗོད་གནང་བར། རྩོད་ལན་པ་བློ་བཟང་གྲགས་པ་ལགས་ཀྱིས་སྲིད་སྐྱོང་མཆོག་ནས་ཨ་རིའི་དོན་གཅོད་ངོས་ནས་ཨ་རིའི་རོགས་དངུལ་རྒྱུན་སྐྱོང་གནང་དགོས་མ་རེད་ཅེས་རྩ་བ་ནས་གསུངས་སྲིད་ཀྱི་མ་རེད། རྒྱུ་མཚན། གལ་ཏེ་བོད་མི་ཚོར་ཨ་རིའི་རོགས་དངུལ་མ་རག་པ་ཡིན་ན། དངུལ་མ་རག་པ་ཙམ་མ་ཡིན་པར་བོད་མི་ཚོར་ཆབ་སྲིད་ཀྱི་ཐོག་ནས་གྱོང་གུན་ཆེན་པོ་རག་གི་ཡོད་པ་རེད་ཅེས་གསལ་བཤད་བྱས་རྗེས། དེར་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་ལན་འདེབས་གསལ་བཤད་བྱེད་གྲབས་བྱས་ཀྱང་དུས་ཚོད་རྫོགས་པར་བརྟེན་ཁྲིམས་དཔོན་མཆོག་གིས་གོ་སྐབས་གནང་མ་སོང་།
ཞིབ་དཔྱོད་ཀྱི་ཉན་ཞིབ་གྲོལ་བའི་རྗེས་སུ། གསར་འགོད་པ་ཚོས། རྩོད་ལན་པས་ཨ་རི་ནས་འབོད་ཁྲིད་ཞུ་འཆར་ཡོད་པའི་དཔང་པོ་མི་སྣ་གསུམ་ཀྱི་སྐོར་ཕྱོགས་གཉིས་ཀར་བཅར་འདྲི་བྱས་སྐབས། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས། བཀའ་ཤག་གི་རྩོད་ལན་པས་ཨ་རི་ནས་འབོད་ཁྲིད་ཞུ་འཆར་ཡོད་པའི་དཔང་པོ་མགོན་པོ་ཚེ་རིང་དང་། བྲག་གཡབ་བློ་བཟང་། ཆོས་མཛད་བཅས་ནི་ནམ་རྒྱུན་སྤྱི་ཚོགས་ནང་དྲང་པོ་མེད་པའི་ཁར་ཕྱོགས་ལྷུང་ཅན་ཡིན་པར་བརྟེན་དཔང་རྟགས་ཁྲིམས་ཡིག་དོན་ཚན་བཅོ་ལྔ་བའི་ནང་གསེས་ཀ་བའི་ནང་དོན་ལྟར་དཔང་པོ་ཕན་མེད་བཟོ་དགོས་བའི་སྙན་ཞུ་ཕུལ་བ་གསལ་བཤད་གནང་བ་དང་། དེའི་ཐད་རྩོད་ལན་པ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས། དཔང་པོ་ཁྲིད་ཤོག་ཞེས་བ་ཞུ་རྩའི་ནང་ཡོད་པ་ལྟར་ང་ཚོས་དཔང་མི་ཁྲིད་ཡོང་པ་རེད། ཡང་ཞུ་སྦྱོར་བས་རྩིས་མེད་གཏོང་རོགས་ཞུས་པ་རེད་ཅེས་གསུངས་བྱུང་།
ཉན་ཞིབ་རྗེས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཞིབ་གཅོད་ཉན་ཞིབ་བཞི་པ་དེ་བཞིན་སྤྱི་ལོ་༢༠༡༩ ལོའི་སྤྱི་ཟླ་༧ པའི་སྤྱི་ཚེས་༢༦ རེས་གཟའ་པ་སངས་ཉིན་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད།