རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཧཱ་རེ་ཝོའུ་སྐུ་གྲོངས་འདུག
2016.04.27

རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་ཚོད་མེད་བཏང་དང་གཏོང་བཞིན་པའི་ལམ་ལུགས་ཐེར་སྟོན་གནང་མཁན་རྒྱ་རིགས་ཆབ་སྲིད་བཙོན་ཟུར་ཧཱ་རེ་ཝོའུ་(Harry Wu)་གཟའ་མིག་དམར་ཉིན་འདས་གྲོངས་སུ་ཕྱིན་འདུག།
རྒྱ་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཧཱ་རེ་ཝོའུ་(Harry Wu)་དམ་པ་དེས་གསར་འཛུགས་གནང་བའི་(Wu’s Laogai Human Rights Organization)ཞེས་པའི་ཚོགས་པ་འཛིན་སྐྱོང་གནང་མཁན་(Ann Noonanལགས་ཀྱིས། ཧཱ་རེ་ཝོའུ་(Harry Wu)ལྷོ་ཨ་མེ་རི་ཀའི་གླིང་ཕྲན་ནང་གི་Honduras་རྒྱལ་ཁབ་ནང་གུང་སེང་ལ་ཕེབས་སྐབས། འདི་ཟླའི་ཚེས་༢༦་གཟའ་མིག་དམར་ཉིན་འདས་གྲོངས་སུ་ཕྱིན་པ་དང་། ད་ཆ་ཁོང་གི་བུ་Harrison་དང་། སྐུ་ཟླ་ཟུར་པ་(China Lee)གཉིས་ཁོང་གི་སྐུ་ཕུང་གདན་འདྲེན་ཞུ་ཕྱིར་Honduras་ལ་ཕེབས་སྐོར་ཨེ་པི་གསར་ལས་ཁང་ལ་གསུངས་འདུག།
ཡང་ཁོང་གིས་Harry Wuནི་དཔའ་བོ་ཞིག་རེད། ཁོང་གི་ཕྱག་ལས་རྒྱུན་འཁྱོངས་ཞུ་རྒྱུ་ཡིན་པ་དང་། ཁོང་གི་དབུ་འཛུགས་གནང་བའི་ཕྱག་ལས་དེ་དུས་ནམ་ཡང་མཚམས་འཇོག་བྱ་རྒྱུ་མིན་ལུགས་ཀྱང་Ann་ཡིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་ཨེ་པི་གསར་ལས་ཁང་ལ་ཞལ་པར་བརྒྱུད་གསུངས་འདུག།
ཧཱ་རེ་ཝོའུ་Harry Wu་དམ་དེ་ནི་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ཡེའི་ནང་གི་ནང་མི་རྒྱུ་ཆེན་ཞིག་ནང་འཁྲུངས་པ་དང་། ཕྱི་ལོ་༡༩༤༩་ལོར་རྒྱ་ནག་ནང་ནང་འཁྲུགས་བྱུང་སྟེ་མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་རྒྱ་ནག་གུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་ཁོང་གི་ནང་མིའི་རྒྱུ་ནོར་མང་ཆེ་བ་གཞུང་བཤེར་བཏང་བ་དངོས་སུ་གཟིགས་ཡོད་པ་རེད། ཁོང་གིས་མཐོ་རིམ་སློབ་གྲའི་ནང་སློབ་གཉེར་གནང་དུས་སྐབས་དེར་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཡིན་པ་ཨུ་རུ་སུར་སྐྱོན་བརྗོད་གནང་བས་ཁོང་དགུང་གྲངས་༢༣་ལ་ཕེབས་སྐབས་སམ་ཕྱི་ལོ་༡༩༦༠་ལོར་ཁོང་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཏང་འདུག།
ཕྱི་ལོ་༡༩༧༩་ལོར་མའོ་ཙེ་ཏུང་འདས་བའི་རྗེས་སུ་ཁོང་བཙོན་ནས་གློད་བཀྲོལ་ཐོབ་སྟབས་ཨ་མེ་རི་ཀའི་ནང་ཕེབས་ནས་(Laogai Research Foundation)་ཞེས་པའི་ཐེབས་རྩ་གསར་བཙུགས་ཀྱིས་རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་མི་སྤྱོད་ལས་འདས་པ་བཏང་བའི་ལོ་རྒྱུས་ཁག་འཛམ་གླིང་མི་མང་ལ་ཐེར་སྟོན་གནང་འདུག།
ཁོང་ནི་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ད་ལྟ་བཙོན་འཇུག་འོག་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཤོའུ་པོ་གཙོས་པའི་ཆབ་སྲིད་བཙོན་པ་ཚོར་རྒྱབ་སྐྱོར་ཆེན་པོ་ཞུ་མཁན་ཞིག་ཡིན་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།