གུས་བསུའི་ཚོགས་ཆེན་ཐོག་ཀྲུ་ཀྲུ་མཆོག་གི་གསུང་བཤད་།

ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་རྒྱ་ནག་གཞུང་གི་བོད་ནང་དྲག་གནོན་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་གསུང་བཤད།

2012.02.10

༄༅༎བོད་ནང་དུ་ཛ་དྲག་གི་གནས་སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཉེ་བའི་གྲོགས་པོ་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་མཆོག་མཇལ་འཕྲད་དུ་ཕེབས་ཏེ་འཛམ་གླིང་དེའི་ནང་དུ་བཙན་གནོན་དང་ཧམ་བཤད། གདུག་རྩུབ་ཀྱི་ཐབས་ལམ་ནི་མཐའ་མ་ཕམ་ཉེས་འགྲོ་རྒྱུ་ཡིན་པ་གསུང་སྟེ་རྒྱ་ནག་གཞུང་གི་དྲག་གནོན་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་རིང་ཕྱི་ཟླ་༢ པའི་ཚེས་༡༠ རེས་གཟའ་པ་སངས་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་གཏམ་བཤད་གནང་བའི་ནང༌། དེ་རིང་ངོས་རང་ལོ་བརྒྱ་བཅུའི་སྐྱེས་སྐར་གྱི་དགའ་སྟོན་རྟེན་འབྲེལ་ཚང་བ་ཞིག་བྱུང་ཞེས་བརྗོད་རྒྱུ་ཡིན། འདིར་གནམ་གཤིས་གྲང་ངར་ཆེ་ནའང་ཁྱེད་ཚོའི་མཛའ་བརྩེའི་དྲོད་རླབས་ཕྱུར་བཞིན་འདུག བོད་ཀྱི་༧སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ནི་འཛམ་གླིང་ས་ཕྱོགས་ཚང་མའི་ནང་དགའ་མོས་ཞུ་ས་ཞིག་ཡིན་ཞིང༌། ཐེངས་ཤིག་ང་ཁོང་དང་ལྷན་དུ་ཨ་རིའི་གྲོང་ཁྱེར་སི་ཡ་ཊའི་རྩེད་ཐང་ཆེན་མོའི་ནང་བསྐྱོད་པའི་སྐབས་མི་དམངས་ཁྲི་དྲུག་གིས་ཕེབས་སྒུག་ཞུས་བཞིན་པ་མཐོང་བྱུང་བ་ནི། ༧གོང་ས་ཏྰ་ལའི་བླ་མ་མཆོག་ནི་ངས་ད་བར་དུ་མཇལ་མྱོང་ཡོད་པའི་མི་སྣའི་ནང་ནས་རྩ་ཆེ་ཤོས་ཡིན། ད་དུང་ཁོང་ལ་མི་སེམས་འགུལ་ཐུབ་པའི་ནུས་པ་ཁྱད་དུ་འཕགས་པ་ཞིག་ལྡན་ཡོད། དེར་བརྟེན་ངས་རྒྱ་ནག་གཞུང་ལ་བརྗོད་རྒྱུར། བོད་ཀྱི་༧སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ནི་འཛམ་གླིང་དེའི་སྟེང་ཞི་བདེར་དགའ་མོས་ཆེ་ཤོས་གནང་མཁན་ཞིག་ཡིན་པ་དང༌། ཁོང་གི་བཀའ་འོག་ཏུ་མེ་མདའ་འཁྱེར་ནས་བཀའ་སྲུང་ཞུ་མཁན་གཅིག་ཀྱང་མེད། ཁོང་ནི་ཁ་བྲལ་བ་ཞིག་མིན། དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་འཁོད་པའི་རང་སྐྱོང་གི་ཐོབ་ཐང་བཀོད་པའི་འབྲུ་དོན་རྣམས་བོད་མི་ཚོའི་ཐོག་ལག་བསྟར་བྱ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ༧གོང་ས་ཏྰ་ལའི་བླ་མ་མཆོག་དང་བོད་མི་ཚོའི་མངོན་འདོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མཉམ་གནས་གནང་རྒྱུ་དེ་ཡིན་ཞིང༌། རྒྱ་ནག་གི་དཔོན་རིགས་ཚོར་དྲན་སྐུལ་གཏོང་རྒྱུ་ཞིག་ལ། འཛམ་གླིང་འདི་ནི་བཟང་སྤྱོད་ལྡན་པ་ཞིག་ཡིན་པས། བཙན་གནོན་དང་ཧམ་བཤད། གདུང་རྩུབ་ལ་མཐའ་མའི་རྒྱལ་ཁ་ཐོབ་རྒྱུ་མིན་པ་ཆོས་ཉིད་ཡིན། ནམ་ཞིག་ང་ཚོ་བོད་དུ་ཁྱེད་ཚོ་ཐུགས་འཕྲད་ལ་ཡོང་རྒྱུ་ཡིན་ལ་དཀོན་མཆོག་གིས་བོད་ལ་རང་དབང་གི་ཉི་མ་ཞིག་འཆར་རྒྱུར་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎