༸གོང་ས་མཆོག་ལ་མཐོང་མཆན་མི་འབུལ་རྒྱུའི་ཐག་གཅོད་བྱས་མེད།
ལྷོ་ཨཕྷ་རི་ཀའི་གཞུང་ནས་༧གོང་ས་མཆོག་ལ་མཐོང་མཆན་ཝི་ས་མི་འབུལ་རྒྱུའི་ཐག་གཅོད་བྱས་མེད་པའི་གསལ་བཤད་བྱས་འདུག།
-
2014-09-06 -
-
-
༄༅༎ལྷོ་ཨཕྷ་རི་ཀའི་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ལྷོ་ཨཕྷ་རི་ཀར་ཆིབས་བསྒྱུར་བསྐྱང་རྒྱུ་ཕྱིར་འཐེན་ཡོང་བའི་རེ་འདུན་ཞུས་པ་ལས་མཐོང་མཆན་ཝི་ས་མི་འབུལ་རྒྱུའི་ཐག་གཅོད་བྱས་མེད་པ་གསལ་བཤད་བྱས་འདུག།
ཉིན་གཉིས་སྔོན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་ལྷོ་ཨཕྷ་རི་ཀའི་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཚུགས་འཆར་ཡོད་པའི་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་རྣམ་པའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུར་མཐོང་མཆན་ཝི་ས་ཕུལ་མེད་པའི་གནས་ཚུལ་ཁྱབ་ཆེན་པོ་ཐོན་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ལྡི་ལིའི་ལྷོ་ཨཕྷ་རི་ཀའི་གཞུང་ཚབ་ཆེན་མོ་དང་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་ཁག་གཅིག་དང་གཟའ་སྤེན་པའི་ཉིན་མཇལ་འཕྲད་སྐབས། ལྷོ་ཨཕྷ་རི་ཀའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ France K Morule གྱིས་ལྷོ་ཨཕྷ་རི་ཀའི་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་བསུ་མི་ཞུས་པ་རྩ་བ་ནས་མིན་ཞེས་དང་། ཏཱ་ལའི་བླ་མ་མཆོག་དེ་སྔ་ཡང་ལྷོ་ཨཕྷ་རི་ཀར་ཆིབས་བསྒྱུར་གནང་ཡོད་ལ། ལྷོ་ཨཕྷ་རི་ཀའི་ངོས་ནས་ཏཱ་ལའི་བླ་མ་མཆོག་ལ་ཆེ་མཐོང་ཆེན་པོ་ཡོད་པར་མ་ཟད། ཁོང་ནི་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་ཞིག་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གི་ངོ་བོའི་ཐོག་ནས་ང་ཚོས་གུས་བརྩི་དང་ཆེ་མཐོང་ཆེན་པོ་ཞུ་གི་ཡོད་ཅེས་གསུངས་འདུག། གཟའ་སྤེན་པའི་ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཁོང་དངོས་སུ་མཇལ་འཕྲད་སྐབས་བཀའ་མོལ་ཇི་བྱུང་སྐོར་བཀའ་ཟུར་བསྟན་པ་ཚེ་རིང་ལགས་སུ་ཞལ་པར་ཐོག་བཀའ་འདྲི་ཞུས་པ་ཡིན།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།