རྒྱལ་ས་ལྷ་སར་བོད་མི་གསུམ་སྲོག་ཐོག་བཏང་ཡོད་འདུག
2009.10.21
༄༅༎བཞུགས་སྒར་རྡ་རམ་ས་ལའི་ནང་རྟེན་གཞི་བྱེད་པའི་དགུ་བཅུ་གསུམ་ཚོགས་པས་སྤྱི་བསྒྲགས་སྤེལ་བ་དང་འདི་ག་རླུང་འཕྲིན་ཁང་ནས་བོད་ནང་གནས་ཚུལ་འདྲི་བརྩད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་ལྟར་ན་ཟླ་བ་འདིའི་ཚེས་ཉི་ཤུ་སྟེ་རེས་གཟའ་མིག་དམར་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་གསུམ་སྲོག་ཐོག་བཏང་ཡོད་པའི་ཁོངས་སུ་ལྷ་ས་ནས་ཡིན་པའི་བློ་བཟང་བསྟན་འཛིན་ནམ་བློ་བཟང་ཆོས་འཕེལ་དང་སྣེ་མོ་ནས་ཡིན་པའི་བུད་མེད་ཅིག། ཨ་མདོ་རྔ་པ་ནས་ཡིན་པའི་གཞོན་སྐྱེས་ཤིག་བཅས་ཡིན་པ་དང་ཁོང་གསུམ་ནས་སྔ་ལོའི་བོད་ནང་གི་དོན་རྐྱེན་བྱུང་བའི་སྐབས་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ཉེས་བཙུགས་བྱས་ཡོད་འདུག འདིའི་སྐོར་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་དོན་ལྟར་ན་ལྷ་ས་ནས་ཡིན་པའི་གཞོན་སྐྱེས་དེའི་མིང་ལ་བློ་བཟང་ཆོས་འཕེལ་ཡིན་པ་དང་ཁོང་ལྷ་སའི་ཀླུ་ཕུག་ཁུལ་གནས་སྡོད་བྱེད་མཁན་ཞིག་ཡིན་པ་དང་དེ་བྱིངས་མི་གཉིས་སྐོར་དམིགས་བསལ་ཤེས་རྟོགས་བྱུང་མེད་ལུགས་འགྲེལ་བརྗོད་གནང་འདུག ཡང་དགུ་བཅུ་གསུམ་ཚོགས་པའི་གསལ་བསྒྲགས་ནང་གསལ་ལྟར་ན་ཁོང་གསུམ་དེ་སྔའི་སྲོག་ཐོག་ཉེས་ཆད་ཕོག་པའི་མིང་གཞུང་གསལ་བསྒྲགས་བྱས་པའི་ཁོངས་སུ་མེད་པ་རེད།
རེས་གཟའ་མིག་དམར་ཉིན་ལྷ་སའི་གཡས་གཡོན་དུ་རྒྱ་ནག་གཞུང་གི་ཉེན་རྟོག་པས་དམ་བསྒྲགས་སྔར་ལས་ལྷག་པ་བྱས་ཡོད་པའི་གནས་ཚུལ་འདུག།