བོད་མི་གསུམ་ནས་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་སྤེལ་བ།
2012.02.05
༄༅༎ཉེ་ཆར་རྒྱ་ནག་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་གསེར་རྟ་རྫོང་དུ་བོད་མི་གསུམ་ནས་རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད་པ་རེད་འདུག
དེའང་ཉེ་ཆར་སྤྱི་ཟླ་གཉིས་པའི་ཚེས་གསུམ་ཉིན་དང་། རེས་གཟའ་པ་སངས་ཉིན། རྒྱ་ནག་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་གསེར་རྟ་རྫོང་དུ་བོད་མི་གསུམ་ནས་རང་ལུས་མེར་བསྲེག་བཏང་གནང་སྟེ། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་དང་དབང་སྒྱུར་ལ་ངོ་རྒོལ་གནང་འདུག ཤེས་རྟོག་བྱུང་བའི་གནས་ཚུལ་ལྟར་ན། རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་མཁན་བོད་མི་གསུམ་པོ་དེའི་ཁྲོད་ནས། བོད་མི་གཅིག་འདས་གྲོངས་སུ་ཕེབས་ཟིན་པ་དང་། དེ་མིན་བོད་མི་གཉིས་ཀྱི་སྐུ་ལུས་ལ་རྨས་སྐྱོིན་ཆེན་པོ་ཕོག་ཡོད་པ་རེད་འདུག གཞན་ཡང་གོང་གསལ་དོན་རྐྱེན་དེ་ཐོན་ཡུལ་དཀར་མཛེས་ས་ཁུལ་གྱི་གསེར་རྟ་རྫོང་དུ། རྒྱ་ནག་གཞུང་ཕྱོགས་ནས་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པས། ད་བར་གསེར་རྟ་རྫོང་དུ་ཞིབ་ཕྲའི་གནས་ཚུལ་ག་རེ་ཐོན་ཡོད་མེད་ཤེས་རྟོག་བྱེད་དཀའ་བའི་གནས་སུ་གྱུར་ཡོད་པ་དང་། ན་ནིང་སྤྱི་ཟླ་གསུམ་པ་ནས་བཟུང་ད་བར་དགེ་འདུན་པ་དང་དེ་སྔ་དགེ་འདུན་པ་གནང་མྱོང་ཡོད་པའི་བོད་མི་༡༩་ནས་རང་ལུས་རང་གིས་མེར་བསྲེགས་བཏང་གནང་བའི་བྱ་ཐབས་སྤྱད་གནང་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད་ཅིང་། ཁ་སྔོན་རྒྱ་ནག་གཞུང་ནས། སྤྱི་ནོར་གོང་ས་མཆོག་ནས་དབུ་འཁྲིད་གནང་བའི་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས། བོད་ནང་གི་བོད་མིར་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་དགོས་པའི་ངན་སྐུལ་བྱས་སྟེ། རྒྱ་ནག་ཁ་བྲལ་གཏོང་རྒྱུའི་སེམས་ངན་བཅངས་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ཡོད་ལ། ད་ཆ་བོད་ཀྱི་ཤར་ཕྱོགས་ས་ཁུལ་ཁག་ཏུ་ཐོན་པའི་བོད་མིའི་ངོ་རྒོལ་ལས་འགུལ་དེ་བཞིན། བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་དེའི་ནང་དར་ཁྱབ་མི་ཡོང་བའི་སྔོན་འགོག་བྱེད་ཆེད། བོད་རང་སྐྱོང་ལྗོངས་སུ་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས། བོད་ཀྱི་ས་གནས་གཞན་ནས་བོད་རང་སྐྱོང་ལྗོངས་ནང་བསྐྱོད་མཁན་ཚོའི་ཐོག་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་དགོན་སྡེ་ཁག་དང་གལ་ཆེའི་མི་སྣ་ཁག་གི་ཐོག་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པ་རེད་འདུག།