མིང་དོན་མཚུངས་པའི་རང་སྐྱོང༌།

ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་རྣམ་པས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ལ་རྒྱབ་སྐྱོར་ཞུས་པའི་གནས་ཚུལ།

2009.10.27
བཞུགས་སྒར་དྷ་རམ་ས་ལའི་དྷ་སྟེང་བོད་ཁྱིམ་ཚོགས་དུ་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་རྣམ་པ་ཁག་ཅིག་གིས་ལྷན་ཚོགས་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

གསར་འགྱུར་ལ་གསན།

༄༅༎ཕྱི་ཟླ་བཅུ་པའི་ཚེས་ཉེར་བདུན་རེས་གཟའ་མིག་དམར་ཉིན་བཞུགས་སྒར་དྷ་རམ་ས་ལར་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་རྣམ་པ་ཁག་ཅིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་གི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་འབྱུང་ཐབས་ཀྱི་དགོངས་གཞིར་རྒྱབ་སྐྱོར་ཞུས་པ་དང་སྦྲགས་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་ཁྲིམས་ལུགས་གཞིར་བཟུང་བོད་མི་ཚོར་ཁྲིམས་མཐུན་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་པའི་འབོད་བསྐུལ་ཡང་གནང་ཡོད་པ་རེད།

ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་ ཇོ་ཌི་ཝི་ལི་ཡམསི་(Jody Williams) དང་ ལྕམ་ཤི་རིན་ཨེ་སྦ་དྷི་(Shirin Ebadi) ལྕམ་མཡེ་རིཌ་ ཀོ་རི་གྷན་ མེ་གྷོཡར་ (Mairead Corrigan Maguire), ལྷོ་ཨཕྷ་རི་ཀའི་ཡེ་ཤུའི་བླ་མ་ཨརཆ་བྷི་ཤོཕྷ་ཌེསི་མོནཌ་ཊུ་ཊུ་(Archbishop Desmond Tutu), ལྕམ་རི་གོ་སྦེར་ཏ་ མན་ཆུ་ ཏུམ་(Rigberta Menchu Tum), ཨ་ཌོལ་ཕྷོ་ པེ་རེཛ་ ཨི་ཀི་ཝེལ་ (Adolfo Perez Eqivel), ལྕམ་སྦེ་ཊི་ཝིལི་ཡམསི་ (Betty Williams), དང་ ཝང་ག་རི་ མཱ་ཐཡི་(Wangari Maathai)བཅས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོར་རྒྱབ་སྐྱོར་ཡོད་པའི་སྤྱིར་བསྒྲགས་ཕྱག་བྲིས་ཞིག་ལ་མཚན་རྟགས་སྐྱོན་གནང་ཡོད་པ་དང་ དེའི་ཁོངས་ནས་ལྕམ་ མཡེ་རིཌ་ཀོ་རི་གྷན་མེ་གྷོཡར་ (Mairead Corrigan Maguire) དང་ ཇོ་ཌི་ཝིལི་ཡམསི་(Jodi Williams), ཤི་རིན་ཨེ་སྦ་དྷི་(Shirin Ebadi) བཅས་ནས་སྤྱིར་བསྒྲགས་ཕྱག་བྲིས་དེ་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་དམངས་ལ་ཆེད་བསྟོད་ཞུས་པའི་མཛད་སྒོ་ཞིག་ཚུགས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ཏུ་འབུལ་བཞེས་གནང་ཡོད་པ་རེད།

ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་རྣམ་པའི་སྤྱིར་བསྒྲགས་ཀྱི་ཕྱག་བྲིས་དེའི་ནང་ འདས་པའི་མི་ལོ་ལྔ་བཅུའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོས་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་རང་ཉིད་ཀྱི་རིག་གཞུང་དང་ཆོས་ལུགས་སྐད་ཡིག་དང་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་འཐབ་རྩོད་གནང་ཡོད་ན་ཡང་བོད་ཀྱི་དཀའ་རྙོག་དེ་ད་དུང་ཡང་མ་སེལ་བར་གནས་མུས་ཡིན་ཐོག་བོད་ནང་གི་བོད་མི་ཚོ་མུ་འཐུད་དྲག་གནོན་གྱི་འོག་དཀའ་སྡུག་མྱོང་བཞིན་པར་བརྟེན་ང་ཚོ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་མཁན་གྱི་མི་ཚོས་བོད་མིའི་ངོ་བོ་གནས་མིན་ཐད་སེམས་འཚབ་ཆེན་པོ་དང་བཅས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལམ་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་གནང་བཞིན་པའི་མཛད་ཕྱོགས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཅེས་འཁོད་ཡོད་པ་རེད།

ད་དུང་སྤྱིར་བསྒྲགས་ཕྱག་བྲིས་དེའི་ནང་བོད་ཀྱི་རིག་གཞུང་ནི་འཇིག་རྟེན་ཀུན་ཕན་གྱི་རིག་གཞུང་ཞིག་ཡིན་པ་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་འཛམ་གླིང་འདི་ཞི་བདེ་ཅན་ཞིག་འབྱུང་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པའི་རིག་གཞུང་ཞིག་ཡིན་པ་ཡང་གསུངས་ཡོད་པ་རེད།  དེར་བརྟེན་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་དཀའ་རྙོག་དེ་སེལ་རྒྱུར་འཕྲལ་དུ་ཕན་ཐོགས་ལྡན་པའི་ལས་དོན་ཞིག་འགོ་འཛུགས་དགོས་རྒྱུར་ཛ་དྲག་གི་འབོད་བསྐུལ་ཞུ་རྒྱུ་ཡིན་ཅེས་ནན་བརྗོད་ཀྱང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎