ཨ་རིས་རྒྱ་ནག་སྲིད་འཛིན་དང་བོད་སྐོར་གླེང་སློང་གནང་ཡོད་པ།
2014.02.15
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་མཆོག་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་མཇལ་འཕྲད་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞེན་དུ་འགྲོ་བཞིན་པར་ཐུགས་འཚབ་ཡོད་པ་གསུངས་འདུག།
དེ་ཡང་ Lawyer Herald ཞེས་པ་དྲ་རྒྱའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་གཟའ་པ་སངས་ཉིན་མཇལ་འཕྲད་གནང་ཞིང་། ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་མཆོག་གིས་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ལ་འགྲོ་བ་མིའི་ཐོབ་ཐང་དང་གནས་ཚུལ་བརྗེ་ལེན་གྱི་རང་དབང་སོགས་ནི་ལུང་པ་ཞིག་གི་སྤྱི་ཚོགས་སྲ་བརྟན་འབྱུང་རྒྱུར་ལེགས་སྐྱེས་ཀྱི་རང་བཞིན་ཡིན་པ་དང་། ཉེ་བའི་ཆར་རྒྱ་ནག་ནང་ཞི་བའི་སྒོ་ནས་བཅོས་བསྒྱུར་འབྱུང་ཐབས་བྱ་མཁན་གྱི་མི་སྣ་འཇུ་བཟུང་བྱས་པ་དེ་དག་ནི་ཕུགས་རྒྱང་རིང་པོར་ཕན་ལས་གནོད་ཆེ་བ་ཡོང་རྒྱུར་ཨ་མི་རི་ཀས་ཡིད་ཆེས་བྱེད་ཀྱི་ཡོད་པ། དེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་བོད་དང་ཝི་གུར་ས་གནས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་ཨ་མི་རི་ཀའི་གཞུང་གིས་མུ་འཐུད་ཐུགས་འཚབ་གནང་བཞིན་ཡོད་པ་ནན་བརྗོད་གནང་ཡོད་པ་གསུངས་འདུག།
ཨ་མི་རི་ཀའི་གཞུང་གིས་བོད་ནང་བོད་མིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་པའི་གནད་དོན་ཐད་ཐུགས་འཚབ་ཆེན་པོ་ཡོད་པ་དང་རྒྱ་ནག་གཞུང་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པར་དོ་ཕོགས་ཤུགས་ཆེ་གཏོང་བའི་སྲིད་བྱུས་ལག་བསྟར་མཚམས་འཇོག་ཡོང་བའི་འབོད་སྐུལ་དཔོན་རིགས་རིམ་བརྒྱུད་ཀྱིས་ཞུས་ཡོད་ཅིང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་པ་གསུངས་ཡོད་པ་རེད།།
གསར་འགོད་པ་སྐལ་ལྡན་བློ་གྲོས།