རྒྱ་གར་གྱི་སྲིད་བློན་མཆོག་གིས་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིཊ།
2014.08.07

རྒྱ་གར་གྱིས་བལ་ཡུལ་དང་འབྲེལ་བ་དམ་ཟབ་གཏོང་རྒྱུ་ཡིན་ལུགས་རྒྱ་གར་གྱི་སྲིད་བློན་མཆོག་གིས་བལ་ཡུལ་དུ་གསུངས་འདུག
དེ་ཡང་ཁ་ས་རེས་གཟའ་ཉི་མའི་ཉིན་སྲིད་བློན་Narendra Modi མཆོག་བལ་ཡུལ་དུ་འཚམས་འདྲི་གཟིགས་བསྐོར་ཕེབས་འབྱོར་བྱུང་བའི་སྐབས་བལ་ཡུལ་གྱི་སྲིད་བློན་མཆོག་ནས་གནམ་ཐང་ལ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད། སྲིད་བློན་ན་རན་དར་མོ་དི་མཆོག་ནས་བལ་ཡུལ་གྱི་གྲོས་ཚོགས་ལ་གསུང་བཤད་གནང་བའི་ནང་དོན་གཙོ་བོར། བལ་ཡུལ་གྱིས་ཆུ་བོ་བརྒྱུད་ནས་རྒྱ་གར་ལ་གློག་འདོན་ནུས་ཤུགས་ཀྱི་མཐུན་འགྱུར་སྤྲོད་ཐུབ་རྒྱུ་དང་། དེར་ང་ཚོའི་ངོས་ནས་རིན་མེད་མ་ཡིན་པར་ཚོང་འགྲེམས་བྱེད་ཆོག་གི་རེད་ཅེས་གསུངས་ཡོད་པ་མ་ཟད། ཡུལ་གཉིས་ཀྱི་འབྲེལ་ལམ་ནི་གནའ་སྔ་མོ་ནས་ཆུ་བོ་དང་ཧི་མ་ལ་ཡའི་རི་བོ་བརྒྱུད་ནས་ཡོད་པ་ཞིག་ཡིན་ལུགས་གསུངས་འདུག དེ་དང་ཕྱོགས་མཚུངས་རྒྱ་གར་གྱིས་བལ་ཡུལ་ལ་ཨ་རིའི་དྲོ་ལར་ཐེར་འབུམ་གཅིག་གི་སྐྱེད་མེད་བུན་གཡར་སྤྲོད་རྒྱུ་དང་དེས་འཛུགས་སྐྲུན་ལས་གཞིའི་ཐོག་ཁེ་ཕན་ཡོང་རྒྱུའི་སྐོར་ཡང་གསུངས་འདུག ལྷག་པར་དུ་ཁོང་གིས་རྒྱ་གར་གྱི་ངོས་ནས་རོགས་རམ་བྱེད་རྒྱུ་དེ་ནི་ཞལ་འདེབས་ཀྱི་ཚུལ་དུ་མཐོང་ཆུང་ཁྱད་གསོས་ལྟབུར་མ་ཡིན་པར་ཁྱིམ་མཚེས་གཅིག་ཕན་གཅིག་རོགས་ཀྱི་ཚུལ་དུ་ལས་འགན་ལྟ་བུར་ངོས་འཛིན་གྱིསརོགས་རམ་གནང་གི་ཡོད་ལུགས་གསུངས་ཡོད་པ་རེད། དམིགས་བསལ་སྲིད་བློན་མོ་དི་མཆོག་གིས་གྲོས་ཚོགས་ཀྱི་འཐུས་མི་ཚོར་བལ་ཡུལ་ནང་ཡུན་རིང་འགོར་བའི་རྩ་ཁྲིམས་བསྐྱར་བཅོས་སྐོར་ལའང་གསུངས་འདུག དེ་ཡང་ཁོང་གིས། རྩ་ཁྲིམས་གཏན་འབེབས་བྱེད་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་མཐུན་སྒྲིལ་བཟོ་རྒྱུའི་ཆེད་ཡིན་པ་ལས་ཁ་བྲལ་གཏོང་རྒྱུའི་ཆེད་མ་ཡིན་པའི་སྐོར་གསུངས་འདུག རྩ་བའི་བལ་ཡུལ་དང་རྒྱ་གར་གཉིས་ས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ནའང་འདས་པའི་ལོ་ངོ་བཅུ་བདུན་ནང་། རྒྱ་གར་གྱི་སྲིད་བློན་བལ་ཡུལ་ནང་འཚམས་འདྲི་གཟིགས་སྐོར་ཕེབས་པ་ད་རེས་ཐོག་མ་དེ་གྱུར་ཡོད་པ་དང་། དེའི་དབར་ན་ཁྱིམ་མཚེས་རྒྱ་ནག་ནས་བལ་ཡུལ་ནང་སྒོར་མོ་ཐེར་འབུམ་མང་པོའི་རོགས་རམ་སྤྲད་ནས་ལམ་ཁ་དང་། གློག་འདོན་ནུས་ཤུགས་ཀྱི་ལས་འཆར་ཐོག་རོགས་རམ་བྱེད་བཞིན་ཡོད་པ་བཅས་གང་ལྟར་རྒྱ་ནག་ནས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་བལ་ཡུལ་ནང་ལས་འཆར་སྤེལ་བཞིན་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བལ་ཡུལ་དང་རྒྱ་གར་གཉིས་དབར་དེ་སྔ་ནས་ཚོང་དོན་གྱི་འབྲེལ་བ་ཡག་པོ་ཡོད་པ་དེ་རྒྱུན་འཁྱོངས་ནས་གོང་འཕེལ་གཏོང་རྒྱུར་ནར་འགྱངས་ཕྱིན་ཡོད་པ་དེར་ད་རེས་སྲིད་བློན་འཚམས་འདྲི་ཕེབས་པའི་སྐབས་གློག་འདོན་ནུས་ཤུགས་དང་། ཚོང་འབྲེལ་གྱི་ཐོག་འབྲེལ་བ་ཤུགས་ཆེ་ཙམ་གཏོང་རྒྱུའི་གྲོས་མོལ་གནང་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།