རྒྱ་ནག་གིས་ཁྲིམས་ལུཊ་དབང་བསྒྱུར་ལ་བརྩི་སྲུང་བྱ་གལ་ཆེ།
2014.02.26
རྒྱ་ནག་གི་ཨ་རིའི་གཞུང་ཚབ་ཆེན་མོས་རྒྱ་ནག་གིས་དམིགས་བསལ་ཁྲིམས་ལུགས་དབང་བསྒྱུར་ལ་བརྩི་སྲུང་བྱ་རྒྱུ་གལ་ཆེན་ཡིན་པ་གསུངས་འདུག
དེ་ཡང་རེས་གཟའ་སྤེན་པའི་ཉིན་པེ་ཅིང་ནས་ཨ་རིར་ཕྱིར་ལོག་གནང་མཁན་རྒྱ་ནག་ཏུ་བཅའ་ཞུཌ་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་སྐུ་ཞབས་Gary Lockeཡིས་ཚེས་༢༦ཉིན་ལས་གནས་འགན་འཁུར་གྱི་ཉིན་མཐའ་མའི་གསུང་བཤད་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་ནན་བརྗོད་ཤུགས་ཆེན་གནང་ཡོད་པ་དང་། ཁོས་པེ་ཅིང་གི་ཨ་རིའི་རིག་གཞུང་ལྟེ་གནས་ཁང་དུ་གསུངས་དོན། རྒྱ་ནག་གི་འགོ་ཁྲིད་ཚོས་དུས་ཡུན་ཐུང་ངུའི་སྤྱི་ཚོགས་བརྟན་ལྷིང་ལ་ཁ་གཡར་ནས་དུས་ཡུན་རིང་པོའི་ཆབ་འབངས་ཡུལ་མི་ཚོའི་ཐོབ་ཐང་ལ་སྣང་ཆུང་ཁྱད་གསོད་བྱ་རྒྱུ་མེད་སྐོར་ནན་བརྗོད་གནང་འདུག ཁོང་གིས་རྒྱ་ནག་ལ་ཕུགས་རྒྱང་རིང་པོའི་མ་འོངས་མདུན་ལམ་བཟང་པོ་ཡོད་ནའང་གྲུབ་འབྲས་ཆ་ཚང་བ་ཞིག་ཐོན་པར་ལྷག་བསམ་ལྡན་པའི་ཁྲིམས་རྩོད་པ་དང་། བློ་གྲོས་ལྡན་པའི་འགོ་ཁྲིད། བརྩི་བཀུར་འོས་པའི་ཁྲིམས་ལུགས་དགོས་གལ་ཆེ་བའི་ཐོག དམིགས་བསལ་ཁྲིམས་ལུགས་དབང་བསྒྱུར་ལ་བརྩི་སྲུང་བྱ་རྒྱུ་དེ་གནད་དོན་གལ་ཆེ་ཤོས་དེ་ཡིན་སྐོར་Gary Locke ཡིས་འགྲེལ་བརྗོད་གནང་འདུག དེ་བཞིན་ཨ་རིའི་གཞུང་ཚབ་ཟུར་པ་Locke ཡིས་རྒྱ་ནག་དེ་བཞིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་འཐུས་མི་ཡིན་པའི་ཆ་ནས་གསར་འགོད་རང་དབང་ལ་བརྩི་བཀུར་བྱ་རྒྱུའི་གདེང་ཚོད་དགོས་སྐོར་ཡང་ནན་གསུངས་གནང་འདུག
ལོ་གཉིས་དང་ཕྱེད་ཀའི་རིང་རྒྱ་ནག་ཏུ་བཅའ་ཞུཌ་ཨ་རིའི་གཞུང་ཚབ་ཆེན་མོ་གནང་མཁན་Gary Lockeཡི་ཚབ་ཏུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Max Baucusགསར་དུ་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱུང་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།