ཞོའུ་ཡི་ཁྲིམས་ཆད་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་ཟེར།
2014.01.28
རྒྱ་ནག་ནང་སྤྱི་ཚོགས་བདེ་དོན་གྱི་ལས་འགུལ་སྤེལ་མཁན་གྲགས་ཅན་ཞོའུ་ཀྲུ་ཡོན་ལ་ཁྲིམས་ཐག་བཅད་པར་ཞུ་གཏུགས་གནང་རྒྱུ་ཡིན་འདུག
དེ་ཡང་གནས་ཚུལ་དེ་རྒྱ་ནག་གཞུང་གིས་ལོ་བཞིའི་བཙོན་འཇུག་གི་ཉེས་ཆད་ཁྲིམས་ཐག་བཅད་པའི་ཞོའུ་ཀྲུ་ཡོན་གྱི་ཁྲིམས་རྩོད་པས་ཚེས་༢༨ཉིན་གསུངས་འདུག ཞོའུ་ཀྲུ་ཡོན་ནི་རྒྱ་ནག་ནང་མི་རབས་གསར་པའི་ལས་འགུལ་ཞེས་པ་གསར་འཛུཌ་མཁན་དེ་ཡིན་ཞིང་། ཁོང་དང་ཁོང་གི་ལས་རོགས་ཚོས་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུ་དང་། ཁྲིམས་ཀྱི་དྲང་བདེན་དགོས་པ། ཤེས་ཡོན་གྱི་གོ་སྐབས་གཅིག་གྱུར་དགོས་རྒྱུ་སོགས་སྤྱི་ཚོགས་ཀྱི་གལ་གནད་ཆེ་བའི་གནད་དོན་ཐད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་དང་། དེ་བཞིན་སྤྱིར་བཏང་བསམ་བློ་མཐུན་པའི་མི་རྣམས་དང་བགྲོ་གླེང་བྱེད་རྒྱུ་སོགས་གནང་གི་ཡོད་ཅིང་། འོན་ཀྱང་ངེས་གཏན་ཡོངས་སུ་འཁེལ་བའི་སྒྲིག་འཛུགས་ཤིག་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཉེ་བའི་ཆར་ཞོའུ་ཀྲུ་ཡོན་དང་དེ་མིན་ཁོང་གི་ལས་རོགས་མང་དག་ཅིག་འཛིན་བཟུང་གིས་ད་ཆ་མུ་མཐུད་ཁྲིམས་བཤེར་བྱེད་བཞིན་ཡོད་ཅིང་། ཞོའུ་ཀྲུ་ཡོན་གྱི་ཁྲིམས་རྩོད་པ་ཀྲང་ཆི་ཕྷང་གིས་ཞོའུ་ཡིས་ཞུ་གཏུགས་བྱེད་པའི་ཐོག་ནས་པེ་ཅིང་གི་ཁྲིམས་ཁང་གི་ཐག་གཅོད་ལ་འགྱུར་བ་ཕལ་ཆེར་འགྲོ་རྒྱུ་མིན་ཡང་། ཞུ་གཏུགས་གི་བྱ་རིམ་དེས་ད་ལྟ་ཁྲིམས་བཤེར་འོག་ཡོད་པའི་ཁོང་གི་ལས་རོགས་ཚོར་ཉེས་ཆད་ལྗིད་མོ་མི་ཕོག་རྒྱུའི་ཕན་ཐོགས་འབྱུང་སྲིད་པའི་རེ་བ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།