ཕྱི་སྡོད་རྒྱ་རིགས་ཚོས་བོད་དོན་གླེང་འདུག
2013.11.06

ཨོ་སི་ཁྲི་ལེ་ཡའི་སི་ཊི་ནེ་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་ནང་རྒྱ་རིགས་འཛོམས་པའི་བགྲོ་གླེང་ཞིག་གི་སྐབས་བོད་དོན་གླེང་ཡོད་འདུག
ཉེ་ལམ་ཕྱི་ཚེས་ ༣ ཉིན་ཨོ་སི་ཁྲི་ལེ་ཡའི་ University of Technology, Sydney ཞེས་པའི་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་ནང་ཕྱི་སྡོད་རྒྱ་རིགས་ཀྱི་སྤྱི་ཚོགས་ལ་ཕྱི་མིག་དང་། རྒྱང་ལྟ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་ཨོ་སི་ཁྲི་ལེ་ཡའི་སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་དང་། སེ་ཊི་ནེ་ཁུལ་དུ་གནས་སྡོད་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ། མང་གཙོ་དོན་གཉེར་བ། སྒྱུ་རྩལ་བ་སོགས་མི་གྲངས་ ༣༠ ལྷག་ལྷན་ཞུགས་གནང་ཡོད་པ་རེད།
ཐེངས་འདིའི་བགྲོ་གླེང་ཐོག་རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་ནའང་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་བོད་མིས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་སྲིད་ཇུས་ཐད་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་མེད་པའི་གནད་དོན་དང་། ལྷག་པར་དུ་རྒྱ་རིགས་མཁས་དབང་ Dr.Jiang Jingzhong ལགས་ཀྱིས་བོད་དོན་སྐོར་གླེང་སྐབས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་ལ་འཛིན་པའི་སྲིད་བྱུས་དེ་བཞིན་ཕམ་ཉེས་སུ་ཕྱིན་ཡོད་པ་དང་། རྒྱ་ནག་གི་ཆེ་མཐོའི་ཆབ་སྲིད་མི་སྣ་ཁག་ཅིག་ནས་བོད་ཀྱི་གནད་དོན་དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་ཞུགས་སྐབས་སེལ་རྒྱུར་ཤིན་ཏུ་གལ་ཆེན་ཡིན་པའི་ངོས་འཛིན་གནང་གི་ཡོད་པར་བརྟེན། ཁོང་གིས་རྒྱ་ནག་གཞུང་གིས་གོ་སྐབས་ལེན་ཐུབ་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལུགས་སོགས་འགྲེལ་བརྗོད་གནང་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།