བོད་མི་སྒྱུ་རྩལ་བ་གཅུང་པོ་ཚེ་རིང་ལགས་དགུང་གྲངས་ ༤༤ ཐོག་འདས་གྲོངས་སུ་གྱུར་འདུག
ཡོ་རོབ་ཀྱི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་ལས་འཁུར་ཞུ་མུས་ཡིན་པ་རང་ལོ་ ༤༤ སོན་པའི་བོད་ཀྱི་རི་མོའི་སྒྱུ་རྩལ་བ་གཅུང་པོ་ཚེ་རིང་ལགས་རེས་གཟའ་ཉི་མའི་སྔ་དྲོ་འདས་གྲོངས་སུ་ཕྱིན་འདུག གཅུང་པོ་ལགས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྒྱུ་རྩལ་གྱི་སྤྱི་ཚོགས་ཁྲོད་ནས་དགའ་མོས་བྱེད་ཡུལ་གྱི་དེང་རབས་སྒྱུ་རྩལ་བ་ཞིག་ཡིན་ཞིང་། ཨ་རིའི་ནུབ་བརྒྱུད་ཁེ་ལི་ཕོར་ནི་ཡའི་གྲོང་ཁྱེར་སྦརྐལི་རུ་གནས་སྡོད་གནང་ཡོད་པ་དང་། ལོ་ཤས་གོང་ནས་ཡོ་རོབ་ཀྱི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་གནས་བཞུགས་གནང་བཞིན་ཡོད་འདུག
གཅུང་པོ་ལགས་ནི་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཟུར་པ་ཞིག་ཡིན་ཞིང་། འདས་གྲོངས་སུ་གྱུར་བའི་གནས་ཚུལ་བརྡ་ཁྱབ་བྱུང་རྗེས་འཛམ་གླིང་ས་ཕྱོགས་གང་སར་གྱར་བའི་བོད་ཁྱིམ་སློབ་ཟུར་ཚོགས་པ་ཁག་གིས་གདུང་སེམས་མཉམ་སྐྱེས་ཀྱི་མཆོད་འབུལ་དང་ཁོང་གི་སྒྱུ་རྩལ་ལ་དགའ་མོས་གནང་མཁན་ཚོས་ཁོང་གི་ཆེད་ཨ་རིའི་ནིའུ་ཡོག་དང་། སེན་ཕརེན་སིསྐོ་གྲོང་ཁྱེར། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པིརག་སོགས་སུ་སྨོན་ལམ་ཚོགས་མཆོད་ཀྱི་ལས་རིམ་ཁག་ཅིག་གོ་སྒྲིག་གནང་འདུག
གཅུང་པོ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༧༩ ལོར་བོད་ཀྱི་སྟོད་དིང་རིར་སྐྱེས་ཤིང་། རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་བོད་ཕྲུག་ཁྱིམ་སྡེར་སློབ་གཉེར་གནང་པ་དང་། ཕྱིས་སུ་ཨ་རིར་མ་ཕེབས་གོང་རྒྱ་གར་དང་། ཀོ་རི་ཡ། བལ་ཡུལ་བཅས་སུ་གནས་བཞུགས་གནང་པ་མ་ཟད། ཀོ་རི་ཡའི་སྒྱུ་རྩལ་སློབ་ཆེན་དུ་སློབ་གཉེར་གནང་མྱོང་ཡོད་འདུག དེ་བཞིན་ཁོང་གིས་བལ་ཡུལ་དུ་དེང་རབས་བོད་ཀྱི་སྒྱུ་རྩལ་གྱི་ལས་འགུལ་སྤེལ་མྱོང་ཡོད་པ་དང་། ཁོང་གི་རི་མོའི་སྒྱུ་རྩལ་གཅིག་པུ་ལས་གྲུབ་པའི་འགྲེམས་སྟོན་གྱི་ལས་རིམ་སྟེ། ཕྱི་ལོ ༢༠༠༡ ལོར་བལ་ཡུལ་རྒྱལ་ས་ཀཐ་མཎ་ཌུར་ཡོད་པའི་ Indigo འགྲེམས་སྟོན་ཁང་དུ་རི་མོའི་འགྲེམས་སྟོན་ཞིག་གནང་འདུག
སྒྱུ་རྩལ་བ་གཅུང་པོ་ཚེ་རིང་ལགས་ཀྱི་རི་མོའི་བརྩམས་ཆོས་སུ་ཆབ་སྲིད་དང་རིག་གཞུང་གི་བརྗོད་བྱ་གཉིས་མཉམ་བསྲེས་ཀྱིས་རང་གི་ཕ་ཡུལ་དང་རྒྱལ་ཁབ་ཀྱི་ངོ་བོ་དང་། ཆབ་སྲིད་ཀྱི་དྲག་གནོན་འོག་བོད་ལ་དཀའ་སྡུག་མྱངས་པ་རྣམས་གསལ་སྟོན་བྱེད་ཀྱི་ཡོད་པ་དང་། རི་མོའི་སྒྱུ་རྩལ་དེ་དག་ནང་བོད་ཀྱི་ཡི་གེ་སོགས་ཀྱི་རྒྱུ་ཆ་བཀོལ་སྤྱོད་བྱས་ནས་སྦྱར་རིས་ཀྱི་རྣམ་པ་བསྐྲུན་རྒྱུ་དང་། ད་ལྟའི་བོད་ཀྱི་ཁོར་ཡུག་དང་ས་ཁམས་ཆབ་སྲིད་ཀྱི་གནས་སྟངས་འོག རི་མོའི་སྒྱུ་རྩལ་བ་ཞིག་གི་སེམས་ནང་གི་སྣང་ཚུལ་ལ་གཞི་བཅོལ་བའི་བོད་ཅེས་པའི་དོན་སྙིང་ཅི་ཞིག་ཡིན་མིན་སྐོར་ལ་མྱོང་བ་དང་འབྲེལ་ནས་རི་མོར་འགོད་མཁན་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག་ལ། ཁོང་གི་སྒྱུ་རྩལ་མཐོང་མྱོང་མཁན་ཚོས་ཁོང་གི་རྣམ་དཔྱོད་འདི་ཕུལ་བྱུང་དུ་ངོས་འཛིན་བྱེད་མཁན་ཡང་ཡོད་འདུག
ཕྱི་ལོ་ ༢༠༠༤ ལོར་གཅུང་པོ་ལགས་ཀྱིས་བལ་ཡུལ་ནང་གི་དེང་རབས་བོད་ཀྱི་རི་མོའི་འགྲེམས་སྟོན་ཁང་ GOMA (Gallery of Modern Art) ཞེས་པ་ཐོག་མར་གསར་འཛུགས་དང་སྒོ་འབྱེད་གནང་ཡོད་ཅིང་། རྗེས་སུ་འགྲེམས་སྟོན་ཁང་དེ་ཆབ་སྲིད་ཀྱི་གནོན་ཤུགས་འོག་ནས་སྒོ་བརྒྱབ་དགོས་བྱུང་ཡོད་འདུག སྒྱུ་རྩལ་བ་གཅུང་པོ་ཚེ་རིང་ལགས་ལ་ལྷོ་ཀོ་རི་ཡའི་རིག་གཞུང་དང་སྒྱུ་རྩལ་ལྷན་ཁང་དུ་སློབ་སྦྱོང་གི་གོ་སྐབས་ཐོབ་ནས་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་རི་མོའི་སློབ་གྲྭ་ཆེན་མོར་ལོ་གཅིག་རིང་གི་སློབ་གཉེར་གནང་ཡོད་ཅིང། ཁོང་གིས་ཧོང་ཀོང་དང་། ཐའེ་ལནཌི། བལ་ཡུལ། ཀོ་རི་ཡ། ཨ་རིའི་ས་ཕྱོགས་གང་སར་སྒྱུ་རྩལ་གྱི་སྦྱང་འབྲས་ལས་དོན་རྣམས་འགྲེམས་སྟོན་གནང་ཡོད་པ་རེད།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།