ཉེ་ཆར་ཧྥརནསི་ཡི་ནང་བོད་མི་ཞིག་རྐྱེན་འདས་སུ་བཏང་བའི་གནད་དོན་ཐད་འབྲེལ་ཡོད་དང་ལྷན་གླེང་མོལ་ཞུས་པ།

ཉེ་ཆར་ཧྥརནསི་རྒྱ་མིའི་ཟ་ཁང་ཞིག་ནང་རྐྱེན་འདས་སུ་ཕྱིན་པའི་བོད་རིགས་ཚུལ་ཁྲིམས་ཞེས་པ་དམ་པ་ཁོང་གི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱིས་ཁྲིམས་མཐུན་དང་དྲང་བདེན་དགོས་ཞེས་པའི་ཕྲེད་དར་འོག་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་ཞིག་སྤེལ་ཡོད་པ་རེད། ཚེས་༡༧ དང་༡༨ ཉིན་གཉིས་རིང་མྱ་ངན་གྱི་ཞི་བའི་གོམ་བགྲོད་དེ་ཧྥརནསི་བོད་རིགས་ཚོགས་པ་དང་། ཡུ་རོབ་སྤྱི་འཐུས་རྣམ་པ་གཉིས། སྐུ་ཚབ་དོན་གཅོད་བཅས་ཀྱི་སྣེ་འཁྲིད་འོག་བོད་མིའི་ཐོུང་མ་ཡིན་པའི་ཡ་རབ་སྤྱོད་བཟང་དང་མི་འགལ་བ་ཞི་བདེའི་ལྷིང་འཇག་གི་ཐོག་ནས་མྱ་ངན་ཁྲོམ་སྐོར་དེ་གནང་ཡོད་པ་རེད། སྐབས་དེར་ཕྱི་ནང་གི་ས་གནས་མི་དམངས་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་ཡང་དོ་སྣང་ཆེན་པོ་སྤྲད་ཡོད་འདུག ཐེངས་འདིའི་ཁ་བའི་གྲོས་རྭ་ལེ་ཚན་ནང་། ད་བར་ཡུལ་དེར་བྱུང་མྱོང་མེད་པའི་བོད་མི་གཅིག་ཁྲི་མ་ཟིན་ཙམ་ཞི་བའི་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་པའི་གནད་འགག་གཙོ་བོ་ཅི་ཡིན་དང་། བོད་རིགས་ཞིག་རྐྱེན་ལམ་དུ་གཏོང་བའི་དོན་རྐྱེན་དེས་བོད་མི་གཞན་ཚོས་ལས་དོན་བྱེད་ཕྱོགས་ཐད་མ་འོངས་འབྱུང་འབྲས་སོགས་ཀྱི་སྐོར། ཡུ་རོབ་བོད་མི་དམངས་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་། ཐུབ་བསྟན་རྒྱ་མཚོ་ལགས། ཧྥརནསི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས། འདས་པོ་ཚུལ་ཁྲིམས་ཁོང་གི་བཟའ་ཟླ་འཇམ་དབྱངས་ཆོས་སྐྱིད་ལགས། དེ་བཞིན་ཕྷ་རན་སི་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་རྣམ་རྒྱལ་ཚེ་རིང་ལགས་བཅས་འབྲེལ་ཡོད་ཁག་གདན་ཞུས་ཀྱིས་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག