མ་ནེ་པུར་སློབ་ཆེན་ནང་བོད་ཀྱི་གསོ་བ་རིག་པའི་སློབ་གཞི་གཏན་འབེབས།


2020.02.12
མ་ནེ་པུར་སློབ་ཆེན་ནང་བོད་ཀྱི་གསོ་བ་རིག་པའི་སློབ་གཞི་གཏན་འབེབས། རྒྱ་གར་མ་ནེ་པུར་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་ནང་དུ་བོད་ཀྱི་གསོ་བ་རིག་པའི་སློབ་གཞི་གཏན་འབེབས་གནང་རྒྱུ་ཡིན་པ་བོད་ཀྱི་སྨན་རྩིས་ཁང་དང་སློབ་ཆེན་དེ་གཉིས་ཀྱི་དབར་གཉིས་མོས་ཆོད་གན་ཞིག་བཞག་སྟེ་ཕྱོགས་གཉིས་ཀྱིས་མཚན་རྟགས་བཀོད་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅༎ཕྱི་ཟླ་༢ཚེས་༡༢ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་ནང་དུ་རྒྱ་གར་བྱང་ཤར་མ་ནེ་པུར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མ་ནེ་པུར་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་གྱི་རིག་བདག་འབུམ་རམས་པ་Harikumar Pallathadka ལགས་དང་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་རྣམ་གཉིས་དབུ་བཞུགས་ཐོག་རིང་མིན་མ་ནེ་པུར་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་ནང་དུ་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་བོད་སྨན་ཉམས་ཞིབ་དང་། སྨན་སྦྱོར་རིག་པ། སྐར་རྩིས། དེ་བཞིན་སྨན་པ་དཀའ་བཅུ་པའི་ལག་ཁྱེར་དང་། སྨན་རམས་པའི་ལག་འཁྱེར་སོགས་ཀྱི་ཐོག་ལ་སློབ་གཉེར་བྱེད་སའི་ལྟེ་གནས་ཤིག་གསར་དུ་འགོ་འཛུགས་གནང་རྒྱུ་ཡིན་པ་ཕྱོགས་གཉིས་ཀྱི་གཉིས་མོས་ཆོད་གན་བཞག་སྟེ་མཚན་རྟགས་བཀོད་གནང་སོང་། སྐབས་དེར་གོང་ཞུས་སློབ་ཆེན་དེ་ཉིད་ཀྱི་རིག་བདག་ཧ་རིཀ་ཀུ་མར་ལགས་ཀྱིས། ད་ཐེངས་ང་ཚོའི་དབར་གྱི་གཉིས་མོས་ཆོད་གན་འདི་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་ཞིང་། ལས་གཞི་འདི་ལྟ་བུ་ཡིས་མ་ནེ་པུར་མངའ་སྡེའི་གནས་སྟངས་ལ་འགྱུར་བ་ཏན་ཏན་གཏོང་ཐུབ་ལ། གསོ་བ་རིག་པ་དར་ཁྱབ་ཡོང་བར་ཡང་ཕན་ཐོགས་ངེས་ཅན་ཞིག་ཡོང་ཐུབ་པ་མ་ཟད། ལས་གཞི་དེས་མ་ནེ་པུར་མངའ་སྡེའི་ཡུལ་མི་ཚོར་ལས་ཀའི་གོ་སྐབས་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། མདོར་ན། ལས་གཞི་འདི་ནི་མ་ནེ་པུར་ཡུལ་མི་ཁྱོན་ཡོངས་ཀྱི་བདེ་ཐང་ལ་ཕན་ཐོགས་ཡོད་པའི་ལས་གཞི་ཞིག་ཡིན་ཞེས་དགའ་ཚོར་ཆེན་པོའི་ངང་འགྲེལ་བརྗོད་གནང་སོང་།

ཡང་ལས་གཞི་དེའི་ཐོག་བོད་ཀྱི་སྨན་རྩིས་ཁང་ནས་སྨན་པ་ལ་སོགས་པའི་བོད་སྨན་དང་སྐར་རྩིས་སོགས་དང་འབྲེལ་བའི་མཁས་ལས་མི་སྣ་ཆེད་གཏོང་གནང་རྒྱུ་ཡིན་འདུག་པ་དང་། ས་གཞི་དང་རྨང་གཞིའི་འཛུགས་སྐྲུན་ཆ་ཚང་མ་ནེ་པུར་གཙུག་ལག་སློབ་ཆེན་གྱི་འགན་ཁུར་གནང་རྒྱུ་ཡིན་འདུག་པ་མ་ཟད། སློབ་ཆེན་དེ་ཉིད་ཀྱིས་ལས་གཞི་དེའི་ཆེད་དུ་ས་གཞི་རྒྱ་ཁྱོན་ཨེ་ཀར་༢༥༠༠ མཐུན་རྐྱེན་སྦྱོར་གཏན་འཁེལ་ཡོད་པ་དང་། ད་དུང་ས་གཞི་དེ་ལས་མང་བ་དགོས་མཁོ་བྱུང་ཚེ། སློབ་ཆེན་དེ་ཉིད་ཀྱིས་གྲ་སྒྲིག་བྱ་རྒྱུ་ཡིན་པ་རེད་འདུག

ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་༢༠༡༩ ལོའི་ཕྱི་ཟླ་༣ པའི་ནང་དུ་གོང་ཞུས་ལས་གཞི་དེ་དང་འབྲེལ་བའི་བཀའ་སློབ་ཤིག་ཕེབས་བའི་ནང་དུ། གཙུག་ལག་སློབ་ཆེན་ནང་དུ་བོད་སྨན་དང་སྐར་རྩིས་སོགས་ཀྱི་ཐད་ལ་སློབ་གཉེར་བྱེད་ཡུལ་ལྟེ་གནས་ཤིག་གསར་འཛུགས་གནང་འཆར་ཡོད་པར་ངོས་རང་དགའ་ཚོར་ཆེན་པོ་བྱུང་། སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་ཐོགས་ཡོད་པའི་ལས་གཞི་དེར་སློབ་ཕྲུག་དང་མང་ཚོགས་ཀྱིས་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་ཅེས་བཀའ་གནང་འདུག

གཞན་ཡང་མ་ནེ་པུར་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་ནི་མ་ནེ་པུར་མངའ་སྡེ་གཞུང་གིས་གསར་བཙུགས་གནང་བ་ཞིག་ཡིན་འདུག་ཅིང་། རིང་མིན་ཕྱི་ལོ་༢༠༢༠ ལོའི་ཕྱི་ཟླ་༣ པའི་ནང་སློབ་ཆེན་དེ་ཉིད་ཀྱི་སྤྱི་ཁྱབ་ལས་ཁུངས་སུ་བོད་ཀྱི་སྨན་རྩིས་ཁང་གི་ལས་ཁུངས་ཡན་ལག་ཤིག་ཀྱང་གསར་དུ་དབུ་འབྱེད་གནང་རྒྱུ་ཡིན་འདུག་པ་དང་། སློབ་ཆེན་དེ་ཉིད་ཀྱི་ནང་དུ་བོད་ཀྱི་གསོ་བ་རིག་པའི་ཐོག་སློབ་གཉེར་གནང་སའི་ལྟེ་གནས་གསར་འཛུགས་གནང་རྒྱུའི་ལས་གཞི་དེ་བཞིན་ལོ་གསུམ་གྱི་ནང་ཆ་ཚང་གྲུབ་རྒྱུ་ཡིན་པ་སྔོན་དཔག་གནང་གི་འདུག

གསར་འགོད་པ་བློ་བཟང་དགེ་ལེགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎