འོས་བསྡུའི་སྒྲིག་གཞིར་འགལ་མཁན་དབུས་སར་ཞུ་གཏུག་གནང་རོགས།


2015.09.08
འོས་བསྡུའི་སྒྲིག་གཞིར་འགལ་མཁན་དབུས་སར་ཞུ་གཏུག་གནང་རོགས། བོད་མིའི་སྒྲིག་འཛུགས་དབུས་འོས་དབུ་ལས་ཁང་གིས་འོས་བསྡུའི་སྒྲིག་གཞིའི་སྐོར་གསལ་བཤད་གསལ་བསྒྲགས་གནང་སྐབས། ༢༠༡༥།༩།༣
བསྟན་འཛིན་དོན་ཡོད།/RFA
དེ་ཡང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་བཞིའི་ཁོངས་ཀྱི་ནང་གསེས་དོན་ཚན་ཁག་གི་ཐོག་མང་ཚོགས་ནང་གོ་བ་ལེན་ཕྱོགས་འདྲ་མིན་ཡོང་གི་ཡོད་པ་དང་། དེ་རྣམས་གཅིག་གྱུར་ཡོང་ཆེད་དབུས་འོས་བསྡུ་ལྷན་གིས་འདི་ཚེས་༣ཉིན་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་ཀྱིས་འོས་བསྡུའི་སྒྲིག་གཞིའི་དོན་ཚན་དེའི་ཐད་གོ་བ་ལེན་སྟངས་དང་། འགྲེལ་བཤད་ངོས་འཛིན་ཞུ་སྟངས་སོགས་ཀྱི་སྐོར་གསལ་བཤད་གནང་འདུག
སྐབས་དེར་གཙོ་བོ་འོས་གཞིའམ་འོས་འཕེན་པའི་སྐྱེ་བོ་ཞིག་ལ་ཐལ་ཆ་ཆེ་བའི་ལུས་ངག་གང་རུང་གི་དྲག་ཤུགས་ཀྱིས་འཇིགས་སྣང་བསྐུལ་ཏེ་དམངས་གཙོའི་གལ་གནད་ཆེ་ཤོས་འོས་བསྡུའི་རང་དབང་ལ་ཐེ་བྱུས་དང་། འགལ་རྐྱེན་བྱེད་པའི་འགལ་འཛོལ་དངོས་ར་འཕྲོད་བྱུང་ཚེ། སྐྱེ་བོ་དེར་ལོ་༡༠རིང་གཞུང་འབྲེལ་འོས་འཕེན་གྱི་ཐོབ་ཐང་འཕྲོག་རྒྱུ་ཡིན་ཚུལ་དང་།
འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང་། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོར་འཁྲུག་ས་གནང་གང་ཞིག་ཏུ་དངོས་སུ་བྱུང་སྟེ་དེའི་རྐྱེན་གྱིས་ས་གནས་གཞན་དུའང་གཅིག་མཚུངས་ཕན་ཚུན་འཁོན་འཁྲུག་གཅིག་མཇུག་གཉིས་ལངས་ཀྱིས་སྤྱི་ཚོགས་ཟང་ཟིང་དངོས་སུ་བྱུང་བ་སོགས་འགལ་འཛོལ་དངོས་ར་འཕྲོད་བྱུང་ཚེ། འགལ་ཚབས་ཆེ་བར་ངོས་འཛིན་གྱིས་འོས་གཞི་སྐྱེ་བོ་དེའི་འོས་ཤོག་ཆ་ཚང་རྩིས་མེད་དང་། དེའི་ཕྱོགས་གཏོགས་ཚོར་ལོ་༡༠རིང་གཞུང་འབྲེལ་སྡེ་ཚན་གང་དུའང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ་ཡིན་ཚུལ་སོགས་ནང་གསེས་དོན་ཚན་རེ་རེ་བཞིན་ངོ་སྤྲོད་འགྲེལ་བཤད་གནང་བ་དང་། དེ་འབྲེལ་སྒྲིག་གཞི་ཁག་དང་འགལ་གྱི་ཡོད་ན་དཔང་རྟགས་དང་བཅས་དབུས་སར་ཞུ་གཏུག་དགོས་པའི་འབོད་སྐུལ་གནང་སོང་།
གོང་ཞུས་གསར་འགོད་ལྷན་ཚོགས་དེའི་ཐོག་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས། ད་ལམ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ནང་གསེས་ཁག་ལ་གལ་སྲིད་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ་ཉེས་ཆད་གཏན་འབེབས་ཞུས་པ་དང་། དེ་བཞིན་དོན་ཚན་དེའི་ནང་གསེས་༩པའི་དགོངས་དོན་ཁག་ལ་ལམ་སྟོན་གཏན་འབེབ་བྱུང་བ་རྣམས་སྔོན་དུ་ཞུས་ཟིན་པ་དེ་ལྟར་ཡང༌། ང་རང་ཚོའི་སྤྱི་ཚོགས་ནང་དུ་ཡིན་ནའང་འདྲ། འོས་བསྡུའི་འགྲན་རྩོད་ནང་ཞུགས་མཁན་སྐྱེ་བོ་བྱེ་བྲག་པ་ཞིག་ལ་རྒྱབ་སྐྱོར་གནང་མཁན་ཡིན་ནའང་འདྲ། དེ་བཞིན་སྐྱེ་བོ་སུ་འདྲ་ཞིག་ཡིན་ནའང། གནད་དོན་དེ་ཚོའི་ཐོག་གོ་རྟོགས་གསལ་པོ་མ་བྱུང་བའི་ཉེན་ཁ་ཞིག་ཡོང་བཞིན་པ་མཐོང་གི་འདུག་པར་བརྟེན། དེ་རིང་གནད་དོན་དེ་དག་ཐད་གོ་རྟོགས་གསལ་པོ་ཡོང་ཕྱིར་གསར་འགོད་གསལ་བསྒྲགས་འདི་བསྐོང་འཚོགས་ཞུས་པ་ཞིག་ཡིན་ཞེས་གསུངས་འདུག

གསར་འགོད་པ་ངག་ཆོས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎