བོད་མིའི་དྭང་བླངས་དཔྱ་ཁྱལ་ལག་དེབ་ཀྱི་ཆགས་ཡང་ཞུ་མཁན་མི་གྲངས་བཞི་སྟོང་ལྷག་བྱུང་ཡོད་པ།

2024.03.30
བོད་མིའི་དྭང་བླངས་དཔྱ་ཁྱལ་ལག་དེབ་ཀྱི་ཆགས་ཡང་ཞུ་མཁན་མི་གྲངས་བཞི་སྟོང་ལྷག་བྱུང་ཡོད་པ།
ཇོ་ལེབ་ཆོས་འཕེལ།

བོད་མིའི་སྒྲིག་འཛུགས་ཀྱིས་གསར་བསྒྲགས་གནང་དོན་བཞིན་རྒྱ་བལ་འབྲུག་གསུམ་གཙོས་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་རིགས་ཚོས་ལོ་མང་དཔྱ་དངུལ་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་ལེན་ཐུབ་པའི་ཆེད་འབུལ་ཆད་དཔྱ་དངུལ་གྱི་བརྒྱ་ ༩༠ ཆག་ཡང་གི་གོ་སྐབས་ཀྱི་དུས་ཡུན་དེ་ཕྱི་ལོ་༢༠༢༣ ལོའི་ཕྱི་ཟླ་བཞི་བའི་ཚེས་མགོ་ནས་བཟུང་འདི་ལོའི་ཕྱི་ཟླ་༣ པའི་ཚེས་༣༠ བར་དུས་བཀག་རྫོགས་ན་ཡང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་འབྱུང་འགྱུར་ཕྱི་ཟླ་དགུ་བའི་ཚེས་ ༢༠ བར་དུས་ཡུན་དེ་ཕར་འགྱངས་ཀྱི་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་དང་། བྱང་ཨ་རིའི་ནང་གི་བོད་མི་འདུས་སྡོད་བྱེད་ཡུལ་ཆེ་ཤོས་ནིའུ་ཡོག་དང་ནིའུ་ཇར་སིའི་ཁུལ་དུ་ད་བར་བོད་མི་གྲངས་བཞི་སྟོང་གི་ཆགས་ཡང་གི་ཆ་ཤས་བཞེས་ཡོད་པ་མ་ཟད། འདས་པའི་བདུན་ཕྲག་གསུམ་ཙམ་ནས་མི་མང་པོས་འཚང་གའི་སྒོ་ནས་དཔྱ་དངུལ་འབུལ་མཁན་འབྱུང་བཞིན་ཡོད་པ་དང་། འདིའི་ཐད་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་དཔྱ་ཁྲལ་ལག་དེབ་ཀྱི་ལས་བྱེད་འཇིགས་མེད་སེང་གེ་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་ཞུས་སྐབས། ཁོང་གིས་འགྲེལ་བརྗོད་གནང་ཡོད།
བོད་རིགས་སྤྱི་མཐུན་ཚོགས་པའི་སྐབས་ ༡༨ པའི་རྒྱུན་ལས་ཀྱི་དཔྱ་ཁྲལ་ལག་དེབ་ཀྱི་ལས་བྱེད་འཇིགས་མེད་སེང་གེ་དང་། སྐལ་བཟང་ཡོན་ཏན་གཉིས་ཀྱིས་གཟའ་འཁོར་གཅིག་ལ་ཉིན་གྲངས་གཉིས་རིང་རྒྱུན་དུ་ཆུ་ཚོད་གསུམ་རིང་དཔྱ་ཁྲལ་ལག་དེབ་དཔྱ་དངུལ་བསྡུ་རུབ་ཀྱི་ལས་ཀ་བྱེད་ཀྱི་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ནས་འདས་པའི་ལོ་གཅིག་རིང་དམིགས་བསལ་ཆགས་ཡང་གི་གོ་སྐབས་གནང་བ་ནས་བཟུང་། གཟའ་འཁོར་གཅིག་གི་ཉིན་གྲངས་གཉིས་རིང་ཞོགས་ཀའི་ཆུ་ཚོད་བཅུ་བ་ནས་འགོ་འཛུགས་བྱས་ཏེ་མི་མང་ཕེབས་མཁན་ཚོ་མ་རྫོགས་བར་དུ་ཕྱག་ལས་གནང་ཡོད་པ་དང་། ལྷག་པར་དུ་འདས་པའི་བདུན་ཕྲག་གསུམ་བཞིའི་སྔོན་ནས་ཆགས་ཡང་གི་དུས་ཡུན་དེ་གང་མགྱོགས་རྫོགས་ལ་ཉེ་བས།  མི་མང་མང་པོ་ཕེབས་པར་བརྟེན་ཁོང་གཉིས་ཀྱི་མཚན་མོའི་ཆུ་ཚོད་བཅུ་གཅིག་བར་ལས་ཀ་བྱས་ནས་བསྡད་ཡོད་པའི་སྐོར་བཅས་འགྲེལ་བརྗོད་གནང་སོང་།
འདས་པའི་ལོ་གཅིག་གི་ནང་བོད་མི་དཔྱ་དངུལ་གསར་དུ་འབུལ་མཁན་མི་གྲངས་དྲུག་སྟོང་དྲུག་བརྒྱ་ལྷག་ལས་བྱུང་མེད་པ་ཉེ་ཆར་གྲོས་ཚོགས་སུ་གསུངས་ཡོད་པ་དང་།  ནིའུ་ཡོག་དང་ནིའུ་ཇར་སིའི་ཁུལ་ནས་ད་བར་བོད་མི་གྲངས་བཞི་སྟོང་ལྷག་གི་ཆགས་ཡང་གི་གོ་སྐབས་བླངས་ཤིང་། དེ་དག་གི་ཁྲོད་ལོ་གཉིས་གསུམ་རིང་དང་། མི་ལོ་༢༥ རིང་གི་འབུལ་ཆད་ཀྱི་ཆགས་ཡང་གི་ཆ་ཤས་ལེན་མཁན་སོགས་བྱུང་ཡོད་པ་མ་ཟད། དཔྱ་ཁྲལ་ལག་དེབ་གསར་བཟོ་བྱེད་མཁན་ཡང་་ད་མི་གྲངས་བཞི་བརྒྱ་ལྷག་བྱུང་ཡོད་པ་བཅས་འགྲེལ་བརྗོད་བྱས་སོང་།
གསར་འགོད་པ། ཇོ་ལེབ་ཆོས་འཕེལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས། ནོར་སྡེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎