འཛམ་གླིང་ནང་དུ་དཀའ་རྙོག་ཅི་འདྲ་ཞིག་བྱུང་རུང་འཚེ་བ་མེད་པའི་སྒོ་ནས་སེལ་ཐུབ་ཀྱི་ཡོད་པ་མེས་པ་དམ་པ་གྷན་དྷིས་མིག་དཔེ་བསྟན་ཡོད་པ། སྲིད་སྐྱོང་མཆོག་གིས།
འཛམ་གླིང་སྟེང་གི་རླབས་ཆེན་མི་སྣའི་གྲས་སུ་ཡོངས་སུ་གྲགས་པའི་རྒྱ་གར་གྱི་རང་བཙན་འཐབ་རྩོད་དབུ་ཁྲིད་གནང་མཁན་མེས་པོ་དམ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལས་འགུལ་ཡིས་འཛམ་གླིང་གི་མི་མང་ས་ཡ་མང་པོ་ཞིག་ལ་སྙིང་སྟོབས་དང་ཞུམ་པ་མེད་པའི་སེམས་ཤུགས་སྦྱིན་ཡོད། ལོ་ལྟར་སྤྱི་ཟླ་༡༠ པའི་ཚེས་༢ ཉིན་འཛམ་གླིང་ས་ཕྱོགས་གང་སར་མེས་པོ་དམ་པ་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞུས་སྲོལ་ཡོད་པ་བཞིན། འདི་ལོ་ཡང་གོང་ཚེས་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ལ་རྗེས་དྲན་སླད་གཞུང་འབྲེལ་གྱི་ཐོག་ནས་དམ་པ་ཁོང་གི་འཁྲུངས་སྐར་ཐེངས་༡༥༢ པ་དེ་སྲུང་བརྩི་ཞུས་ཤིང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དམ་པ་ཁོང་གིས་མཛད་རྗེས་ལ་བརྟེན་ནས། འཛམ་གླིང་ནང་དུ་དཀའ་རྙོག་ཅི་འདྲ་ཞིག་བྱུང་རུང་འཚེ་བ་མེད་པའི་སྒོ་ནས་སེལ་ཐུབ་ཀྱི་ཡོད་པ་མིག་དཔེ་བཟང་པོ་ཞིག་སྟོན་ཡོད་པ་མ་ཟད། འཚེ་བ་མེད་པ་དང་། དྲང་བདེན་སོགས་དང་འབྲེལ་བའི་བོད་པའི་འཐབ་རྩོད་དེ་ཡང་གཙོ་བོ་མེས་པོ་དམ་པ་གྷན་དྷིའི་རྗེས་སུ་འབྲང་གི་ཡོད་པ་འགྲེལ་བརྗོད་གནང་བ་སོགས་ཀྱི་སྐོར་ཞིབ་ཕྲའི་གནས་ཚུལ་བློ་བཟང་དགེ་ལེགས་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།