བོད་ནང་བོད་མི་གྲངས་ཉུང་མི་རིཊ་ཆགས་བཞིན་འདུག
2013.11.14

བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་ཚོས་འཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པར་ད་ལྟའི་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་འདུག
དེང་སྐབས་ཡོ་རོབ་ལ་ཕྱོགས་བསྐྱོད་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་ཚོགས་ཆུང་། འཇར་མན་དུ་འབྱོར་མ་ཐག་འཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Sabine Batzing མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ཁོང་ཚོས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་བཀག་འགོག་གནང་གི་ཡོད་པ་དང་། དེ་ལས་བློ་འཚབ་ཆེ་ཤོས་ཤིག་ནི་བོད་ནང་བོད་མི་ཚོ་གྲངས་ཉུང་མི་རིགས་ཆགས་བཞིན་པ་ཡིན་པར། དཔེར་ན་ལྷ་ས་ལྟ་བུར་ཆ་མཚོན་ན། བོད་མི་ལས་རྒྱ་རིགས་ལྡབ་གསུམ་གྱི་མང་བ་ཡོད་པ་དང་། འཛུགས་བསྐྲུན་ཡར་རྒྱས་ལ་བོད་མི་ཚོས་ངོ་རྒོལ་བྱེད་ཀྱི་མེད་ཀྱང་། འཛུགས་བསྐྲུན་དེ་དག་གིས་བོད་མིར་ཕན་ཐོག་གི་མེད་ཐོག་རྒྱ་མི་རིགས་བོད་ནང་གཞིས་སྤོས་བྱ་རྒྱུར་ཁོར་ཡུག་བསྐྲུན་པ་ལྟ་བུར་འགྱུར་ཀྱི་ཡོད་ལུགས་སོགས་མདོ་དོན་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ཐབས་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་གཙོ་བོ་ཡིན་པ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་འདུག
དེ་བཞིན་ཁོང་གིས་བོད་ནང་བོད་མི་ཚོས་རྒྱའི་དྲག་གནོན་ལ་མ་བཟོད་པར་རང་ལུས་མེར་བསྲེག་གཏོང་བཞིན་པ་ལས་། ང་ཚོས་བརྒྱུད་སྐུལ་དང་། བློ་སྟོབས་སྤེལ་གྱི་མེད་ཅེས་གསུང་འདུག ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་བྷེལ་ཇེམ་དང་། ཕ་རན་སི། ཧོ་ལན་ཌི་བཅས་སུ་གཟིགས་སྐོར་གནང་གྲུབ་པ་དང་། འཇར་མན་ནང་གི་གཟིགས་སྐོར་འགྲུབ་རྗེས་དབྱིན་ཡུལ་ལ་ཕེབས་ཐོན་གནང་རྒྱུ་ཡིན་འདུག