བཀའ་ཟུར་བློ་བཟང་སྙན་གྲགས་ལགས་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་འདུག
2020.03.04
བཀའ་ཟུར་བློ་བཟང་སྙན་གྲགས་ལགས་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག
གསལ་བསྒྲགས་དེ་ངོ་དེབ་བརྒྱུད་ནས་བྱས་ཡོད་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་སྐབས། ངོ་དེབ་དེ་བཀའ་ཟུར་བློ་བཟང་སྙན་གྲགས་ཁོང་རང་ཉིད་ཀྱི་ཡིན་པ་དང་ཁོང་༢༠༢༡་གི་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་ཞེས་གསུངས་བྱུང་།
སྤྱི་ཟླ་གསུམ་པའི་ཚེས་༡་ཉིན་ངོ་དེབ་ནང་སྤེལ་བའི་གསལ་བསྒྲགས་དེའི་ནང་། ༢༠༢༡་ལོའི་སྲིད་སྐྱོང་ཆེད་བློ་བཟང་སྙན་གྲགས་ལགས་ལ་རྒྱབ་སྐྱོར་གནང་རོགས། ང་ཚོས་མཉམ་དུ་བོད་ཀྱི་མ་འོངས་བར་འཛུགས་བསྐྲུན་བྱེད། ངས་དྲང་བདེན་དང་། ཕྱི་གསལ་ནང་གསལ། ཡོངས་སུ་སྒྲིལ་བའི་འཛིན་སྐྱོང་ཞིག་འཛུགས་རྒྱུ་ཁས་ལེན་བྱེད་རྒྱུ་ཡིན། ཞེས་བཀོད་འདུག
བློ་བཟང་སྙན་གྲགས་ལགས་ ༡༩༩༦ ་ལོར་བོད་མི་མང་སྤྱི་འཐུས་སྐབས་༡༢་པའི་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ་ལོ་ནས་༢༠༠༦་ལོའི་བར་སྐབས་དེའི་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་དང་། ཕྱི་དྲིལ། འཕྲོད་བསྟེན་ལྷན་ཁང་བཅས་ཀྱི་བཀའ་བློན་གཅིག་ལྕོགས་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༠༩ ་ནས་ ༢༠༡༣ ་བར་ཨ་རིའི་སྐུ་ཚབ་དོན་གཅོད་གནང་། ཕྱི་ལོ་ ༢༠༡༣ ་ཟླ་ ༩ ་ཚེས་ ༡ ་ནས་བཟུང་ད་བར་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་གྱི་ལས་འགན་འཁུར་བཞིན་པ་དང་། ད་ལྟ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དགུང་ལོ་ ༥༥ ་ཡིན་འདུག