པ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ཕན་ཚུན་དབར་འབྲེལ་བ་གཏིང་ཟབ་ཏུ་གཏོང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད།

2021.12.18
པ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ཕན་ཚུན་དབར་འབྲེལ་བ་གཏིང་ཟབ་ཏུ་གཏོང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མདོ་དྲན་པ་ཉེར་བཞག་གི་བཀའ་ཆོས་གནང་་བཞིན་པ།
དགའ་ལྡན་ཕོ་བྱང་ཡིག་ཚང་།

དེ་ཡང་སྤྱི་ལོ་༢༠༢༡ ཟླ་༡༢ ཚེས་༡༨ ཉིན་ཨིན་ཌོ་ནེ་ཤཱི་ཡ་དང་། མ་ལེ་ཞི་ཡ། འབར་མ། ཤྲི་ལངྐ་། ཐའེ་ལན་ཌི་བཅས་ཀྱི་གནས་བརྟན་སྡེ་པའི་རྗེས་འབྲངས་པ་རྣམས་ལ་གཙོ་བོར་དམིགས་ཏེ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་མདོ་དྲན་པ་ཉེར་བཞག་གི་བཀའ་ཆོས་གནང་ཡོད་པ་དང་། ༧གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་གཞུང་ནང་སེམས་ཁམས་རིག་པའི་སྐོར་དང་ལྟ་གྲུབ་ཀྱི་སྐོར་ལ་གཞི་རྒྱ་ཆེ་ཞིང་ཧ་ཅང་གཏིང་ཟབ་པོ་གསུང་ཡོད་ཙང་། ནང་པའི་བསྟན་པ་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་ཚང་མས་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐབས་འདིར་སངས་རྒྱས་ཀྱི་རྗེས་འབྲངས་དབར་བགྲོ་གླེང་སོགས་ཀྱི་ལམ་ནས་ཕན་ཚུན་རྒྱུས་ལོན་དང་འབྲེལ་བ་གཏིང་ཟབ་ཏུ་བཏང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་སྐོར་ལ་བཀའ་སློབ་སྩལ་དོན།
ཡང་༧གོང་ས་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཡོང་བ་ལ་ངོས་ནས་ཀྱང་བསམ་བློ་གཏོང་མུས་ཡིན་ཞེས་དང་། ཆོས་གྲོགས་ཚོས་ངོས་ནས་ཀྱང་དེའི་ཐད་ཐུགས་བསམ་མང་ཙམ་བཞེས་རོགས་གནང་ཞེས་གསུངས་སོང་།
རྩ་བའི་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་ཧ་ཅང་མང་པོ་ཞིག་འཕེལ་རྒྱས་དང་། ཉམས་ཆག་སོགས་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་དང་འགྲོ་མུས་ལ་ནང་པ་སངས་རྒྱས་པའི་བསྟན་པ་འདི་ད་བར་ལོ་ཉིས་སྟོང་ལྷག་གི་བར་དུ་ཉམས་གུད་མེད་པར་བརྟན་པོར་གནས་ཐུབ་ཡོད་ཅེས་གསུངས་སོང་།
དེ་ནས་གསུང་ཆོས་དངོས་གཞིའི་སྐབས་ལུས་དང་སེམས། ཆོས་དྲན་པ་ཉེར་བཞག་གི་ངོ་བོ་དང་ཕྲ་རག་གི་སྒོ་ནས་སྒོམ་སྟངས་སོགས་བཀའ་ཁྲིད་གནང་རྗེས་མཇུག་ཏུ་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཆོས་བྱེད་མཁན་རྣམས་ལམ་ནོར་ལྡོག་ཤེས་ཚུལ་ཇི་ལྟར་ཡོང་ཐབས་དང་། འཛམ་གླིང་སྟེང་རྙོག་ཟིང་ཆེ་བའི་དུས་འདིར་སེམས་ཞི་བདེ་གནས་ཐབས་སུ་དྲན་པ་ཉེར་བཞག་བཞི་ཚུལ་ཇི་ལྟར་སྒོམ་དགོས་མིན་སོགས་ཀྱི་སྐོར་ལ་དྲི་བ་ཕུལ་བར་༧གོང་ས་མཆོག་གིས་སོ་སོ་ལམ་ནོར་ལྡོག་ཤེས་དགོས་ན་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་། དྲན་པ་ཉེར་བཞག་སྒོམ་སྟངས་དེ་ཡང་དམའ་རིམ་འཛིན་གྲྭའི་སློབ་མ་ཚོ་ལ་སློབ་སྦྱོང་བསླབས་པ་ཇི་བཞིན་སྔ་ས་ནས་འགོ་བཙུགས་ཏེ་རིམ་བཞིན་གཏིང་ཇེ་ཟབ་ཏུ་བཏང་སྟེ་སྒོམ་དགོས་སྐོར་སོགས་བཀའ་ལན་གནང་སོང་།
བཀའ་ཆོས་འདི་བཞིན་ཐའེ་ལན་གྱི་བྷན་ཀོག་ས་གནས་སུ་རྟེན་གཞི་བྱས་པའི་སོ་ཨན་མོག་དགོན་གྱི་དགེ་སློང་བྷུད་དྷ་དྷ་སའི་ཡིག་མཛོད་ཁང་(Buddhadasa Indapanno Archives-Suan Mokkh Bangkok,)དང་།  ཨིན་ཌོ་ནཱེ་ཞི་ཡའི་ནང་པའི་ལྷན་ཚོགས་Sriwijaya State Buddhist Council of Tangerang-Banten Indonesia མཱ་ལེ་ཞི་ཡའི་གནས་བརྟན་སྡེ་པའི་ནང་པའི་ཚོགས་པ་Theravada Buddhist Council Malaysia, ཤྲི་ངྐའི་བོད་ཀྱི་ནང་བསྟན་མཛའ་འབྲེལ་ཚོགས་པ་Sri Lanka Tibetan Buddhist Brotherhood Society, སིངྒ་པོར་བོད་བརྒྱུད་ནང་པའི་ཆོས་ཚོགས་བཅས་ནས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད།།
གསར་འགོད་པ། བློ་བཟང་།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎