རྒྱ་གར་གྱི་པར་པ་གྲགས་ཅན་ར་གྷུ་རཡེ་ལགས་ཀྱིས་༸གོང་ས་མཆོག་ནི་ཀུན་ཁྱབ་ཀྱི་དབུ་ཁྲིད་ཅིག་ལ་ངོས་འཛིན་གནང་གི་ཡོད་པ།

2021.07.15
རྒྱ་གར་གྱི་པར་པ་གྲགས་ཅན་ར་གྷུ་རཡེ་ལགས་ཀྱིས་༸གོང་ས་མཆོག་ནི་ཀུན་ཁྱབ་ཀྱི་དབུ་ཁྲིད་ཅིག་ལ་ངོས་འཛིན་གནང་གི་ཡོད་པ།
Raghu Rai

ད་ཆ་དགུང་ལོ་༧༩ ལ་ཕེབས་པའི་སྐུ་ཞབས་( Raghu Rai)་ལགས་ནི་(India Today, Statesman, Sunday Times)སོགས་གསར་ལས་ཁང་མང་པོ་ཞིག་གི་ནང་པར་པ་གནང་མྱོང་མཁན་ཞིག་དང་། དེ་བཞིན་(Magnum) ཞེས་པ་རྒྱལ་སྤྱིའི་པར་པའི་མཐུན་ཚོགས་སོགས་ཀྱི་ནང་ཕྱག་ལས་གནང་མྱོང་མཁན་ཞིག་རེད།ཁོང་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དུས་འཁོར་དབང་ཆེན་ལ་སོགས་པའི་མཛད་འཆར་དུ་མ་ཞིག་གི་སྐབས་སུ་སྐུ་པར་སྒྲོན་མྱོང་ཡོད་པ་རེད།

ཁོང་པར་པ་ཞིག་གི་ངོས་ནས་༧གོང་ས་མཆོག་དངོས་སུ་མཇལ་བའི་མྱོང་ཚོར་བརྗོད་དོན། བཞུགས་སྒར་རྡ་རམ་ས་ལར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བ་ཚོར་གསུང་ཆོས་གནང་བཞིན་པའི་སྐབས་ཤིག་ངོས་རང་རྡ་རམ་ས་ལར་བསླེབས་ཡོད་པས།སྐབས་དེར་༸གོང་ས་མཆོག་གིས་ང་ཐུགས་ངོ་མཁྱེན་ནས་འབྲེལ་ཡོད་ལས་བྱེད་ཅིག་ལ་རྐུབ་སྟེགས་ཁྱེར་ཤོག་གསུངས་ནས་ང་རང་རྐུབ་སྟེགས་ཤིག་གི་ཐོག་ནས་གསུང་ཆོས་ཡུན་རིང་ཞུས་པས།རྗེས་སུ་ག་ལེར་ལངས་ནས་ཆབ་གསང་ལ་འགྲོ་གྲབས་བྱས་སྐབས་༧གོང་ས་མཆོག་ནས་གསུང་ཆོས་མཚམས་བཞག་ནས་ང་ལ་འགྲོ་གི་ཡིན་པས་འདིར་ཤོག་གསུང་ནས།ངོ་མཚར་ཆེ་བ་ཞིག་དང་༡༩༧༥ལོར་ཐོག་མར་ཞལ་མཇལ་བྱུང་ནས་ལོ་ངོ་ལྔ་བཅུ་ཡས་མས་ཕྱིན་ཡོད་ན་ཡང་ངས་ཞྭ་མོ་གྱོན་ཡོད་པ་དེར་གཟིགས་ནས་ངའི་གྲོགས་པོ་རྙིང་པ་རེད་གསུང་སྟེ་མཇལ་ཁ་གནང་བ་དེ་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཆེན་པོ་༧གོང་ས་མཆོག་གི་དུས་རྒྱུན་ངོ་ཤེས་ཚོར་འཚམས་འདྲི་ཞུ་ཡག་འདི་ནི་ཁོང་གི་གཟི་བརྗིད་དང་། གཞན་ལ་བརྩེ་སེམས་དང་། བྱིན་རླབས་རེད་ཅེས་གསུང་གནང་གི་འདུག

Photo: Raghu Rai༸གོང་ས་མཆོག་ནི་འཛམ་གླིང་ནང་མི་ཚང་མས་དགའ་མོས་དང་དད་གུས་ཞུ་སའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་རེད།འདི་ནི་རྫུ་འཕྲུལ་ལྟ་བུ་ཞིག་རེད་ལ།རྒྱ་ནག་ཡིན་པ་ཡིན་ནའང་༧གོང་ས་མཆོག་ལ་འདི་འདྲའི་ངོ་མཚར་ཆེ་བའི་ནུས་པ་དེ་གང་འདྲ་སེ་བྱུང་བ་ཞིག་ཡིན་ནམ་བསམ་གྱི་ཡོད་རྒྱུ་རེད།ངོས་རང་གིས་༧གོང་ས་མཆོག་ཐོག་མ་དེ་༡༩༧༥ལོར་ལ་དྭགས་སུ་དུས་འཁོར་དབང་ཆེན་གནང་བའི་སྐབས་པར་རྒྱག་དུས།ཐག་ཉེ་པོ་ནས་མཇལ་རྒྱུ་བྱུང་བར་༧གོང་ས་མཆོག་གི་བྱམས་བརྩེ་ལྡན་པའི་བཞད་མོ་བཞད་ནས་དབུ་ལྕོག་ལྕོག་གནང་སོང་།ཆོས་ཕྱོགས་ཀྱི་དབུ་ཁྲིད་གཞན་ཞིག་ཡིན་ན་པར་བརྒྱབ་མཁན་ཐག་ཉེ་པོ་འདི་འདྲ་ཡོང་མཁན་འདི་སུ་ཡིན་དགོངས་ཀྱི་རེད།དེ་འདྲ་སོང་ཙང་༧གོང་ས་མཆོག་ནི་གཞན་དང་མི་འདྲ་བའི་དབུ་ཁྲིད་ཅིག་འདུག་ཅེས་གསུང་གནང་གི་འདུག ང་རང་༧གོང་ས་མཆོག་གི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་སོ་སོའི་བླ་མའི་རླབས་ཆེན་གྱི་མཛད་འཕྲིན་སྐོར་དེབ་ཞིག་མ་བྲིས་ན་འགྲིག་གི་མི་འདུག་བསམས་ནས་དེབ་དང་པོ་དེ་(Tibet in Exile) བཙན་བྱོལ་ནང་གི་བོད་ཞེས་པ་དེ་བྲིས་པ་ཡིན།དེ་ནས་ཁོང་གི་ཆོས་ཕྱོགས་ཀྱི་རླབས་ཆེན་དགོངས་གཞིའི་སྐོར་ཞིག་མ་བྲིས་ན་འགྲིག་ཐབས་མི་འདུག་སྙམ་ནས་དེབ་གཉིས་པ་དེ་(God in Exile) བཙན་བྱོལ་ནང་གི་དཀོན་མཆོག་ཅེས་པ་དེ་བྲིས་པ་ཡིན། མཐའ་མ་དེ་(His Holiness the Fourteenth Dalai Lama )༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཞེས་པ་དེ་བྲིས་པ་ཡིན།དེ་འདྲ་སོང་ཙང་འདིས་ང་རང་གི་སོ་སོའི་རྩ་བའི་བླ་མའི་མཛད་འཕྲིན་གྱི་ཆ་ཤས་ཤིག་གྲུབ་ཐུབ་སོང་བསམས་པའི་དགའ་ཚོར་བྱུང་བ་གསུང་གནང་གི་འདུག

ཡང་ལོ་སུམ་ཅུ་ཙམ་གྱི་སྔོན་ལ་ངོས་རང་Time Magazine ནང་ལས་ཀ་བྱེད་སྐབས་༧གོང་ས་མཆོག་དང་མཇལ་སྐབས་ཤིག་ལ་༧གོང་ས་མཆོག་ནས་ར་གྷུ་རེ་ཡེ་ཁྱེད་རང་ངའི་གྲོགས་པོ་རྙིང་པ་ཞིག་རེད།ངས་ཁྱེད་རང་ལ་ལག་རྟགས་ཤིག་སྤྲད་ཀྱི་ཡིན་གསུངས་ནས་གཟིམས་ཆུང་ནས་རྡོ་ཆུང་ཆུང་ཞིག་མནམས་ཕེབས་ཏེ་བྱིན་རླབས་དང་ཐུགས་སྨོན་གནང་ནས་ང་ལ་གནང་བྱུང་། ངས་དེ་སྐེ་ལ་གྱོན་པ་ཡིན། སྐབས་ཤིག་ང་རང་གཟུགས་གཞི་མ་བདེ་བ་དང་། སྙིང་གི་ནད་ཀྱིས་མནར་ནས་བཤའ་བཅོས་བྱེད་དགོས་བྱུང་བས།རྗེས་སུ་སྨན་པས་ཁྱེད་རང་བརྒྱ་ཆ་བརྒྱད་བཅུ་དྲག་བསྐྱེད་བྱུང་འདུག་བརྗོད་པས།ངས་ཁོང་ལ་ངའི་སྐེ་ལ་གྱོན་པའི་༧གོང་ས་མཆོག་གིས་གནང་བའི་རྡོ་ཆུང་ཆུང་དེ་བསྟན་ནས་འདིའི་བྱིན་རླབས་ལ་བརྟེན་ནས་དྲག་སྐྱེད་ཡག་པོ་བྱུང་བ་བརྗོད་ཡིན། མ་ཟད་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཆེད་ཞལ་པར་ཕུལ་བ་དང་ང་དང་བཟའ་ཟླ་གཉིས་དངོས་སུ་རྡ་རམ་ས་ལར་༧གོང་ས་མཆོག་ལ་བཀྲིན་ཆེ་ཞུ་སླད་ཆེད་བཅར་ཞུས་པ་ཡིན་པ་ངོ་སྤྲོད་གནང་གི་འདུག

སྐུ་ཞབས་ར་གྷུ་ར་ཡེ་ལགས་ནི་༡༩༦༥ལོ་ནས་གཞུང་ལ་ཡུན་རིང་པར་པའི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་ཞིང་། ཁོང་གིས་༧གོང་ས་མཆོག་དབུས་པའི་འཛམ་གླིང་ནང་གི་སྙན་གྲགས་ཆེ་བའི་དབུ་ཁྲིད་(Mother Teresa , Indira Gandhi , Manmohan Singh , Narendra Modi )སོགས་མང་པོ་ཞིག་གི་སྐུ་པར་སྒྲོན་མྱོང་ཡོད་མཁན་གྱི་གྲགས་ཆེ་བའི་པར་པ་ཞིག་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎