༸གོང་ས་མཆོག་ཉི་ཧོང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ།


2013.11.15
༸གོང་ས་མཆོག་ཉི་ཧོང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ། ཕྱི་ཚེས་༡༥ཉིན་༸གོང་ས་མཆོག་ཉི་ཧོང་གི་ན་རི་ཏ་གནམ་ཐང་དུ་ཞབས་སོར་འཁོད་གནང་སྐབས་ཀྱི་སྐུ་པར།
༸གོང་ས་མཆོག་གི་དྲ་གནས།

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅིུག་པའི་ཚེས་༡༥ཉིན་ཉི་ཧོང་གི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་པའི་སྐབས། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལས་བྱེད་དེ་བཞིན་ཆིབས་བསྒྱུར་གདན་ཞུ་ཕུལ་མཁན་གྱི་འགོ་འཛིན་དང་ཐུགས་ཉེ་གྲོགས་པོ་ཁག་ཅིག་གཙོས་པའི་དད་ལྡན་ཉི་ཧོང་མི་དམངས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་སྐོར། གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

ཡིག་ཐོག་གསར་འགྱུར།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅིུག་པའི་ཚེས་༡༥ སྔ་དྲོའི་ཕྱག་ཚོད་༧ དང་ཕྱེད་ཀའི་ཐོག་ཉི་ཧོང་གི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་པའི་སྐབས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལས་བྱེད་པ། ཆིབས་བསྒྱུར་གྱི་གདན་ཞུ་ཕུལ་མཁན་འགོ་འཛིན།་ཐུགས་ཉེ་གྲོགས་པོ་ཁག་ཅིག་གཙོས་པའི་དད་ལྡན་ཉི་ཧོང་མི་དམངས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཉི་ཧོང་གི་གྲོང་ཁྱེར་ཁག་བཞིའི་ནང་ཉིན་གྲངས་བཅུའི་རིང་མཛད་འཆར་བསྐྱང་གནང་གི་ཡོད་པ་དང། དེ་རིང་གནམ་ཐང་དུ་ཞབས་སོར་འཁོད་པའི་སྐབས།      གསར་འགོད་པ་ཁག་ཅིག་གིས་ཆིབས་བསྒྱུར་གྱི་མཛད་འཆར་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། མགོན་པོ་གང་ཉིད་ས་ཕྱོགས་གང་དུ་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་འགྲོ་བ་མི་དུང་ཕྱུར་བདུན་བཅུའི་ནང་ནས་གཅིག་ཡིན་པའི་འདུ་ཤེས་འཛིན་ཏེ་འགྲོ་བ་མིའི་རྒྱུད་དུ་བཟང་སྤྱོད་ཀྱི་ཡོན་ཏན་གོང་འཕེལ་གཏོང་ཐབས་ལ་འབད་བརྩོན་གནང་བཞིན་ཡོད་པ་དང། ལྷག་དོན་༧གོང་ས་མཆོག་ནི་ནང་པའི་ཆོས་པ་ཞིག་ཡིན་པར་སོང། འཛམ་གླིང་དེའི་ནང་ཆོས་ལུགས་མི་འདྲ་བ་ཡོད་པ་རྣམས་ཕན་ཚུན་འཆམ་མཐུན་གོང་འཕེལ་གཏོང་རྒྱུའི་ལས་འགན་ཐོག་ཤུགས་སྣོན་སྐྱོན་གནང་གི་ཡོད་པ་དང། ད་རེས་༧གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱང་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ཡང་གོང་གསལ་གྱི་གནད་དོན་གལ་ཆེ་དེ་གཉིས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་སྐྱོན་རྒྱུའི་ཆེད་དུ་ཡིན་པ་ལས་ཆབ་སྲིད་ཀྱི་གནད་དོན་གང་ཡང་མེད་ཅིང་། དེ་ཡང་ལོ་གཉིས་གོང་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་ཆ་ཚང་བགྲེས་ཡོལ་དུ་ཕེབས་ཟིན་པར་བརྟེན་ད་ཆ་ཆབ་སྲིད་དང་འབྲེལ་བའི་ལས་དོན་གང་ཡང་འགན་བཞེས་གནང་གི་མེད་པའི་བཀའ་ལན་སྩལ་གནང་ཡོད་པ་རེད། ད་རེས་༧གོང་ས་མཆོག་ཉི་ཧོང་དུ་ཕྱི་ཟླ་བཅིུག་པའི་ཚེས་༡༧ ནས་༢༥ བར་ཉིན་གྲངས་བཅུ་ཙམ་རིང་ཉི་ཧོང་གི་གྲོང་ཁྱེར་ཆེ་ཁག་བཞིའི་ནང་གི་མཐོ་རིམ་སློབ་གྲྭའི་སློབ་མ་དང་མི་དམངས་ལ་བརྗོད་གཞི་འདྲ་མིན་ཐོག་བཀའ་སློབ་སྩལ་གནང་རྒྱུ་མ་ཟད། ཚན་རིག་པའི་ལྷན་དུ་བགྲོ་གླེང་ཡང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎