ས་ག་ཟླ་བ་དང་བསྟུན་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་འདུག


2019.06.05
ས་ག་ཟླ་བ་དང་བསྟུན་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྗེས། ༢༠༡༩།༦།༥ ས་ག་ཟླ་བ་དང་བསྟུན་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྗེས། ༢༠༡༩།༦།༥
RFA

ཇོ་བོ་ཝ་ཏི་བཟང་པོ་དམིགས་བསལ་ཞིག་ཡིན་པ་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་དབང་ཞུ་བ་ཚོར་བཀའ་བསྩལ་གནང་འདུག
རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ཞུས་པ་ལྟར། ཟླ་༦་པའི་ཚེས་༥་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ས་ག་ཟླ་བའི་དུས་ཆེན་དུ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་གནང་བཞིན་པའི་སྐབས་དང་བསྟུན། སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་གལ་ཆེ་ཤོས་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་གུས་པས་བཏུད་དེ་མ་ཎི་བསགས་པ་དགོས་པ་དང་། འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་ཡིན་པ་དང་། སྤང་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་ཡོད་པ་དེ། རྩ་བ་སྙིང་རྗེའི་དབང་གིས་བྱུང་བ་རེད་ཅེས་བཀའ་གནང་བ་དང་འབྲེལ། འཕགས་བོད་ཀྱི་སྔོན་གྱི་སྐྱེས་བུ་དམ་པ་ཕལ་མོ་ཆེ་སྤྱན་རས་གཟིགས་ཡི་དམ་དུ་མཛད་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྟོགས་པ་གོང་ནས་གོང་དུ་འཁྲུངས་བསྡད་པ་རེད་ཅེས་བཀའ་གནང་གི་འདུག
སྐབས་དེར་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་ཆེད་དུ་གདན་འདྲེན་གནང་ཡོད་ཅིང་། ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་མདུན་༧གོང་ས་ལྔ་བ་ཆེན་མོར་དག་སྣང་དང་ཞལ་གཟིགས་མི་འདྲ་བ་མང་པོ་ཡོང་སྟེ། གསང་བ་རྒྱ་ཅན་གྱི་ཆོས་སྐོར་ཁ་ཤས་ཝ་ཏི་བཟང་པོའི་ཐུགས་ཀ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱུང་ནས་གནང་བ་སོགས་དམིགས་བསལ་ཅིག་ཡིན་པ་དང་། ཝ་ཏི་བཟང་པོའི་མདུན་སྨོན་ལམ་ཐུན་གཅིག་བརྒྱབས་རིང་ལའང་ཞལ་རས་ལ་འགྱུར་བ་འགྲོ་ཡི་འདུག་ཅེས་བཀའ་ཕེབས་སོང་།
དག་སྣང་ཡོང་བ་ལ་དབང་པོའི་མངོན་སུམ་དང་ཉམས་ཀྱི་སྣང་བ། རྨི་ལམ་གྱི་སྣང་བ་བཅས་ཡོད་པ་ལས་༧གོང་ས་ཆེན་པོར་རྨི་ལམ་གྱི་གནས་སྐབས་ལ་དག་སྣང་ཡོང་གི་ཡོད་པ་དང་། ཝ་ཏི་བཟང་པོ་ནི་མི་རང་གི་རྣམ་པར་མཇལ་བ་བཀའ་ཕེབས་ཀྱི་འདུག
དེ་ལ་༧གོང་ས་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་ཕྱི་ནང་གི་མི་མང་ལྔ་སྟོང་བརྒལ་བར། བྱང་སེམས་ཀྱི་སྡོམ་པ་དང་སྔགས་ཀྱི་སྡོམ་པ། འཕགས་པ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཅས་བསྩལ་སོང་བར། དམིགས་བསལ་དུས་ལོག་སྐབས་བོད་ནས་གདན་འདྲེན་གྱི་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན། གཙུག་ལག་ཁང་གི་རྟེན་གྲལ་དུ་འཁོད་ཡོད་པས་བོད་མི་ཧ་ཅང་མང་པོ་དོ་སྣང་ཆེན་པོས་བཅར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎