ལཊ་ཝི་ཡའི་ནང་བཀའ་སློབ་སྩལ་བ།
2013.09.10
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༩ཚེས་ ༩ ཉིན་ཡོ་རོབ་ཀྱི་ཡུལ་གྲུ་ལཏ་ཝི་ཡའི་རྒྱལ་སའི་ནང་མང་ཚོགས་ལ་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་བཀའ་སློབ་གསུང་བཤད་ཞིག་སྩལ་གནང་མཛད་པའི་སྐབས་ལཏ་ཝི་ཡའི་ཡུལ་གྲུ་འདི་ནི་དཀའ་ངལ་མང་དག་ཞིག་ཡོད་པའི་ཡུལ་གྲུ་གསར་པ་ཞིག་ཡིན་སྟབས་མ་འོངས་པའི་སྤྱི་ཚོགས་བཟང་པོ་ཞིག་སྐྲུན་ཐབས་སུ་སློབ་གྲྭ་ཁག་གི་ནང་ཡ་རབས་སྤྱོད་བཟང་དང་འབྲེལ་བའི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་འདུག།
༸གོང་ས་མཆོག་གི་བཀའ་སློབ་གསུང་བཤད་ཞུ་བར་མི་སྟོང་ཚོ་མང་པོ་བཅར་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་བྱེ་བྲག་པ་གང་རུང་དང་མ་འབྲེལ་བའི་ཐོག་ནས་ཡ་རབས་སྤྱོད་བཟང་གི་ཤེས་བྱ་གོང་འཕེལ་གཏོང་ཐབས་བྱ་རྒྱུ་ནི་སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་རྒྱུར་ཧ་ཅང་དགོས་མཁོ་ཆེ་བའི་ཡིན་པའི་སྐོར་བཀའ་སློབ་སྩལ་ཞིང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མར་མི་བཟང་པོ་ཞིག་བཟོ་ཐབས་ཀྱི་ཐུན་མོང་བའི་བསླབ་བྱ་དང་། བྱམས་པ་དང་བརྩེ་བ་བཟོད་སྲན་སོགས་བྱེད་དགོས་པའི་བསླབ་བྱ་གཅིག་མཚུངས་ཡོད་པ་ཡིན་པས་ཆོས་ལུགས་ནང་ཁུལ་མཐུན་བསྒྲིལ་བཟང་པོ་དགོས་གལ་ཆེ་བའི་སྐོར་བཀའ་གནང་པ་དང་ཆབས་གཅིག་༸གོང་ས་མཆོག་གིས། ཆོས་ལུགས་བྱེ་བྲག་པའི་འགོ་འཁྲིད་དམ་རྗེས་འབྲངས་པ་སུ་རུང་གིས་རང་ཉིད་ཀྱི་ཆོས་ལུགས་ནི་སྤྱི་ལ་ཁྱབ་པའི་ཆོས་ལུགས་བཟང་ཤོས་ཡིན་པའི་འདོད་ཚུལ་ཤུགས་ཆེ་བཟུང་བ་དེ་ནི་མཐོང་རྒྱ་ཆུང་དྲག་པའི་སྐྱོན་ཡིན་པ་བཀའ་གནང་པ་དང་། བསམ་བློ་དེས་རང་ཉིད་བློ་ཁ་ཡངས་པོ་བྱེད་ཐུབ་པའི་བཙོན་ཁང་ལྟ་བུ་བཟོ་ཡི་ཡོད་པ་བཀའ་གནང་འདུག།