ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་པ།
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༩ ཉིན་གྱི་སྔ་དྲོར། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀེལ་མེཀཽལ་ (Michael McCaul) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་འདུག
ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་ཕེབས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་འཁྲུངས་ལྷ་དབྱར་གསོལ་སྤྱན་འདྲེན་མཇལ་ཁ་ཞུས་རྗེས། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ། ཁོང་ཚོས་ཨ་མི་རི་ཀའི་གྲོས་ཚོགས་ནས་གཏན་འབེབས་ཀྱི་ཁྲིམས་འཆར་དེ་མགོན་པོ་གང་ཉིད་ལ་སྤྱན་འབུལ་ཞུས་ཡོད་འདུག སྐབས་དེར་༧གོང་ས་མཆོག་གིས་ཆོས་ལུགས་མི་འདྲ་བ་དང་སྲོལ་རྒྱུན་མི་འདྲ་བ་ཇི་ལྟར་ཡང་། འཛམ་གླིང་གི་མི་ཀུན་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་དགོས་པ་ནི་ང་ཚོའི་དམིགས་ཡུལ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་གནང་གི་འདུག་ཅིང་།
ཕྱོགས་མཚུངས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་ཞོགས་པ་གཉིད་སད་མ་ཐག་ཏུ་གཙོ་བོ་སངས་རྒྱས་ཀྱིས་གསུངས་པའི་བྱང་ཆུབ་ཀྱི་སེམས་དང་འཛམ་གླིང་སྤྱི་ལ་བསམ་བློ་གཏོང་གི་ཡོད། ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་ང་ཚོ་ཚང་མར་ཐོབ་ཐང་གཅིག་མཚུངས་སུ་ཡོད་དགོས་པ་ཞིག་དང་། འཛམ་གླིང་འདི་འགྲོ་བ་མི་ཡོངས་རྫོགས་ལ་དབང་བ་ཡིན་པས། ང་ཚོས་འཛམ་གླིང་འདི་ལ་བདག་གཅེས་གནང་དགོས་པ་དང་། ཆོས་ལུགས་མི་འདྲ་བ་དང་སྲོལ་རྒྱུན་མི་འདྲ་བ་ཇི་ལྟར་ཡང་འཛམ་གླིང་གི་མི་ཀུན་ཞི་བདེ་དང་བདེ་སྐྱིད་ཡོད་པ་ཞིག་དགོས་པ་ནི། ང་ཚོའི་དམིགས་ཡུལ་ཆགས་ཀྱི་ཡོད་ཅེས་བཀའ་གནང་གི་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ (Michael McCaul) མཆོག་གིས་དབུ་ཁྲིད་གནང་བའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེའི་ཁོངས་སུ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་དང་། གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་མང་གཙོ་ཚོགས་པའི་འགོ་ཁྲིད་ (Gregory Meeks) མཆོག ཨ་རིའི་གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་ (Jim McGovern) མཆོག གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་གསེས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཚོགས་ཆུང་གི་ཚོགས་གཞོན་ (Ami Bera) མཆོག གྲོས་ཚོགས་འཐུས་མི་ (Mariannette Miller-Meeks) མཆོག དེ་བཞིན་གྲོས་ཚོགས་འཐུས་མི་ (Nicole Malliotakis) མཆོག་བཅས་ནས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་འདུག
གཞན་ཡང་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཚོའི་སྐུ་ཚབ་གནང་སྟེ། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀེལ་མེཀཽལ་ (Michael McCaul) ལགས་ནས། ཁོང་ཚོས་མིའི་རྣམ་དཔྱོད་དང་སྙིང་རྗེ་ཟུང་འབྲེལ་གྱིས་འཛམ་གླིང་གི་དཀའ་རྙོག་སེལ་བའི་ཐབས་ལམ་འཚོལ་བར། ༧གོང་ས་མཆོག་ནི་མིག་དཔེ་བལྟ་ས་ཡིན་ཞེས་༧གོང་ས་མཆོག་ལ་ཡར་ཞུས་གནང་དོན།

ཁོང་གིས་༧གོང་ས་མཆོག་གི་སྐུ་ཚེའི་ནང་སྐུ་ངལ་ཧ་ཅང་མང་པོ་ཞིག་འཕྲད་ཡོད་ནའང་། མགོན་པོ་གང་ཉིད་ཀྱི་སེམས་ཞི་བདེར་གནས་ཐུབ་པ་དང་བྱམས་བརྩེ་དང་བཟོད་པ་སོགས་འཛམ་གླིང་ལ་ཁྱབ་སྤེལ་གནང་བ་དེས། མིའི་རྣམ་དཔྱོད་དང་སྙིང་རྗེ་ཟུང་འབྲེལ་གྱིས་འཛམ་གླིང་གི་དཀའ་རྙོག་སེལ་བའི་ཐབས་ལམ་འཚོལ་བར། ཁོང་ཚོས་༧གོང་ས་མཆོག་ལ་མིག་དཔེ་བལྟ་ཡི་ཡོད་ཅེས་གསལ་སྟོན་ཡར་ཞུ་གནང་གི་འདུག་ལ། ཡང་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷི་རི་གྷོ་རེ་མིཀ་སི་ (Gregory Meeks) ལགས་ནས་ཀྱང་། མགོན་པོ་གང་ཉིད་ལ་མཇལ་ནས་ཧ་ཅང་དགའ་ཚོར་དང་༧གོང་ས་མཆོག་གི་གསུང་དང་ཤེས་རབ་རྣམས་ནི། ཇི་སྲིད་བསྐལ་བ་མ་སྟོང་གི་བར་དུ་གནས་ངེས་རེད་ཅེས་ཡར་ཞུས་གནང་རྒྱུར།
ཁོང་གིས་མགོན་པོ་གང་ཉིད་ཀྱིས་འགྲོ་བ་མིའི་ཆེ་མཐོང་དང་མི་ཚེ་དོན་དང་ལྡན་པ་སྐྱེལ་ཐབས་ཀྱི་ལམ་སྟོན་གནང་བ་ཁག་དང་འདྲ་བར། ང་རང་ཡང་མགོན་པོ་གང་ཉིད་དང་དགོངས་པ་རྩེ་མཐུན་གྱིས་སྐུ་ཞབས་མཱར་ཁྲིན་ལུ་ཐར་ཁིང་ (Martin Luther King) ལགས་ཀྱི་རྗེས་སུ་ཞུགས་ཏེ། ཨ་མི་རི་ཀའི་གྲོས་ཚོགས་སུ་མི་ཚེ་ཧྲིལ་བོར་ཨ་མི་རི་ཀའི་ནང་རང་དབང་དང་འདྲ་མཉམ། དེ་བཞིན་དྲང་བདེན་ཡོང་དགོས་པའི་སྐད་ཆ་བཤད་བསྡད་ཡོད་ལ། ཐོབ་ཐང་དེ་ནི་འགྲོ་བ་མི་ཡོངས་རྫོགས་ལ་དགོས་ངེས་ཅན་ཞིག་རེད་ཅེས་ཡར་ཞུས་གནང་འདུག་ཅིང་། ཡང་གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝིར་ནི་ (Jim McGovern) ལགས་ནས་མགོན་པོ་གང་ཉིད་དགུང་ལོ་བརྒྱ་དང་བཅུ་ལས་ཀྱང་མང་བར་བཞུགས་རོགས་ཞེས་ཐུགས་རེ་གནང་དོན།
༧གོང་ས་མཆོག་གང་ཉིད་ཀྱི་འགྲོ་བ་མི་གཅིག་གྱུར་ཡིན་པའི་ཐུགས་གྱི་འཆར་སྣང་དང་། ང་ཚོ་ཚང་མས་འཛམ་གླིང་འདི་སྲུང་སྐྱོབ་བྱ་དགོས་པའི་དགོངས་པ་ནི་འགྲོ་བ་མི་ཀུན་ལ་ཁྱབ་པ་ཞིག་ཡིན་པས། ང་ཚོ་ལ་མགོན་པོ་གང་ཉིད་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད་པ་དང་། ང་ཚོའི་རེ་བར་མགོན་པོ་གང་ཉིད་དགུང་ལོ་བརྒྱ་དང་བཅུ་ལས་ལྷག་པར་བཞུགས་རོགས་གནོངས་ཞེས་རེ་སྐུལ་གནང་སོང་།
ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཕྱག་རྟགས་སུ་བསྣམས་ཕེབས་པའི་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་ཀྱི་ཁྲིམས་འཆར་དེར། རིང་མིན་ཨ་མི་རི་ཀའི་སྲིད་འཛིན་ལྗོ་སྦ་ཡེ་ཊིན་ (Joe Biden) མཆོག་ནས་མཚན་རྟགས་བསྐྱོན་རྗེས་དངོས་སུ་ཁྲིམས་ཡིག་ཆགས་ཀྱི་ཡོད་པར་བརྟེན། འདི་ཚེས་ ༡༨ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅའན་ (Lin Jian) གྱིས་ཨ་མི་རི་ཀས་ཁྲིམས་འཆར་དེར་མཚན་རྟགས་གཏན་ནས་བསྐྱོན་མི་ཆོག་པ་དང་། རྒྱ་ནག་གིས་སོ་སོའི་བདག་དབང་དང་བདེ་འཇགས། ཡར་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བརྟན་པོ་བྱེད་ངེས་ཡིན་ཞེས་གསལ་སྟོན་བྱས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།