ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་སློབ་གསོ་གལ་ཆེ།


2013.11.26
༧གོང་ས་མཆོག་གིས་ཉི་ཧོང་དུ་མི་དམངས་སྟོང་ཚོ་བརྒལ་བར་བཀའ་སློབ་གནང་བཞིན་པ། ༧གོང་ས་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་སློབ་གསོ་སྤྲོད་རྒྱུ་གལ་ཆེན་ཡིན་པ་གསུངས་འདུག

དེ་ཡང་༧གོང་ས་མཆོག་ཕྱི་ཟླ་བཅིུག་པའི་ཚེས་༡༥ ཉིན་ཉི་ཧོང་དུ་ཆིབས་བསྒྱུར་མཛད་དེ་ད་བར་ཉི་ཧོང་གི་གྲོང་ཁྱེར་ཆེ་ཁག་ལྔའི་ནང་མཛད་འཕྲིན་བསྐྱང་གནང་ཡོད་པ་ལྟར། ཕྱི་ཚེས་༢༤ ཉིན་ཉི་ཧོང་གི་Kyoto གྲོང་ཁྱེར་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཏེ་ཕྱི་ཚེས་༢༥ སྔ་དྲོ་གྲོང་ཁྱེར་Kyoto ནས་ཉི་ཧོང་གི་རྒྱལ་ས་ཊོག་ཁྱོ་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་དེ། ཉིན་དེའི་ཉིན་གུང་རྒྱབ་ཏུ་ཉི་ཧོང་རྒྱལ་ཡོངས་སྦེ་ག་རྩེད་ར་ཆེན་མོའི་ནང་མི་དམངས་སྟོང་ཚོ་བརྒལ་བར་བཀའ་སློབ་སྩལ་སྐབས། འཛམ་གླིང་དེའི་སྟེང་གི་འགྲོ་བ་མིའི་དུང་ཕྱུར་༧༠ ཡོད་པ་རྣམས་གཅིག་ལ་གཅིག་རྟེན་གྱིས་འཚོ་གནས་བྱེད་དགོས་ཀྱི་ཡོད་པར་བརྟེན་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་ཞིང། དེང་སྐབས་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་དེ་ཚོ་ནི་འགྲོ་བ་མིའི་སེམས་རྒྱུད་དུ་རང་གཅེས་འཛིན་གྱི་འདུ་ཤེས་ཤུགས་ཆེ་དྲག་ནས་བཟོས་པ་ཤ་སྟག་ཡིན་པ་དང། རང་གཅེས་འཛིན་གྱི་བློ་དེ་ཡིས་འགྲོ་བ་མི་ཕན་ཚུན་རྒྱང་ཐག་རིང་དུ་གཏོང་བ་དང། དེས་རྐྱེན་པས་རང་ཉིད་ཀྱི་སེམས་ནང་གཞན་ལ་བློས་མི་འཁེལ་བ་དང། དོགས་པ་རྣམ་རྟོག འཇིགས་སྣང། ཁོང་ཁྲོ་སོགས་སྐྲུན་གྱི་ཡོད། དེར་བརྟེན་དཀའ་ངལ་དེ་དག་སེལ་ཐབས་ལ་གཞན་ལ་ཕན་པ་སྒྲུབ་རྒྱུ་དང། ཡ་རབས་དང་སེམས་པ་བཟང་པོ་རྒྱུད་དུ་འཕེལ་ཐབས་བྱས་ན་དེ་ཡིས་དཀའ་ངལ་མང་པོ་ཞིག་སེལ་ཐུབ་རྒྱུ་མ་ཟད། རང་གཞན་ཚང་མའི་ལུས་སེམས་གཉིས་ཀར་བདེ་བ་ཡོང་རྒྱུར་ཕན་ཐོགས་ཡོད་པ་རེད། འགྲོ་བ་མིའི་ཡོན་ཏན་དང་བཟང་སྤྱོད་གོང་འཕེལ་གཏོང་ཐབས་སུ་ཕྱི་དངོས་པོའི་ཡར་རྒྱས་ཁོ་ན་མ་ཡིན་པར་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འདྲེས་པའི་ཐོག་ནས་བཟང་སྤྱོད་སློབ་གསོ་སྤྲོད་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པའི་བཀའ་སློབ་སྩལ་གནང་ཡོད་པ་རེད།

ཕྱི་ཚེས་༢༦ རེས་གཟའ་མིག་དམར་ཉིན་སྔ་དྲོ་༧གོང་ས་མཆོག་དང་སྐུ་འཁོར་རྣམས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁྱོ་ནས་རྒྱ་གར་ཕྱོགས་སུ་ཆིབས་ཞལ་བསྒྱུར་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་རྒྱུ་ཡིན་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎