སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཱ་ནཱ་ལིར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་གནང་མཛད་པ།
2019.08.17

༄༅༎།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ལ་ད་རིང་ཕྱི་ཚེས་༡༧་ཉིན་མ་ན་ལིའི་སྔ་འགྱུར་རྙིང་མའི་དགོན་པ་པདྨ་འོད་གླིང་ནས་ཉིན་དགུང་ལྗགས་སྨིན་འདེགས་འབུལ་ཞུས་པ་དང་དེའི་རྗེས་སུ་གསུང་ཆོས་ར་བའི་བཞུགས་ཁྲིར་༧ཞབས་སོར་འཁོད་གནང་གིས་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་འགའ་ཤས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་གནང་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་་རྒྱ་གར་བྱང་ཕྱོགས་མཱ་ནཱ་ལིར་ཟླ་བ་འདིའི་ཚེས་༡༣ནས་ཆོས་འབྲེལ་དབུ་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོའི་གུང་སེང་ཉིན་གཉིས་གསུང་ཆོས་བར་མཚམས་འཇོག་གནང་གིས་དེ་རིང་ཕྱི་ཚེས་༡༧ཉིན་གསུང་ཆོས་ཀྱི་ཉིན་གསུམ་པར་དད་ལྡན་སེར་སྐྱ་མི་མང་སྟོང་ཚོ་མང་པོར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་དངོས་སུ་སྩལ་གནང་མཛད་འདུག སང་ཉིན་ཕྱི་ཚེས་༡༨ཉིན་༧གོང་ས་མཆོག་གིས་དད་ལྡན་མང་ཚོགས་ལ་བློ་སྦྱོང་ཚིགས་བརྒྱད་མ་དང་རྒྱལ་སྲས་ལག་ལེན་སོ་བདུན་མ་་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་བཀའ་ཆོས་མུ་མཐུད་ནས་སྩལ་གནང་མཛད་འཆར་ཡོད་པ་རེད།
༧གོང་ས་མཆོག་གིས་རྒྱ་གར་བྱང་ཕྱོགས་མཱ་ནཱ་ལིར་སེར་སྐྱ་མི་མང་སྟོང་ཕྲག་ཁ་ཤས་ལ་ཆོས་འབྲེལ་ཉིན་གསུམ་པ་སྟེ་ད་རིང་ཕྱི་ཚེས་༡༧་ཉིནསྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་གནང་མཛད་སྐབས་དྲ་ཐོག་ནས་༧གང་ཉིད་ཀྱི་བཀའ་དབང་ཞུ་མཁན་དང་མཇལ་མཁན་ཚོར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་ཐོག་རྒྱུ་ཡིན་སྐོར་བཀའ་སྩལ་འདུག
༧གོང་ས་མཆོག་གིས་སྤྱིར་བོད་དུ་གསང་སྔགས་ཀྱི་ཆོས་ལ་་གསར་རྙིང་གཉིས་ཡོད་པ་ལས་ཕལ་ཆེར་གསང་སྔགས་རྙིང་མའི་ཁོངས་སུ་གཏོགས་པ་དང་དེ་ལ་ཡང་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་ཟབ་མོ་དག་སྣང་བཅས་གསུམ་ཡོད་པ་ལས་དབང་འདི་ནི་ཟབ་མོ་དག་སྣང་གི་ཁོངས་ཡིན་པ་མ་ཟད་༧གོང་ས་ལྔ་པ་ཆེན་པོར་དངོས་སུ་ལྷག་པའི་ལྷས་བྱིན་རླབས་གནང་བ་ཞིག་ཡིན་པའི་སྐོར་བཀའ་སྩལ་འདུག།