རང་དབང་ཅན་གྱི་ཚོང་དོན་ལས་གཞི་དང་། འགྲོ་བ་མིའི་ནུས་སྟོབས་གོང་སྤེལ།
2014.02.20
༧གོང་ས་མཆོག་གིས་རང་གཅེས་འཛིན་གྱི་བསམ་བློས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ནམ་ཡང་བསྐྲུན་ཐུབ་ཀྱི་མ་རེད་གསུངས་འདུག
དེ་ཡང་སྤྱི་ཚེས་༡༩ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ཨ་མི་རི་ཀའི་རྒྱལ་སར་ཚོགས་པའི་བདེ་སྐྱིད་དང་། རང་དབང་ཅན་གྱི་ཚོང་དོན་ལས་གཞི་དང་། འགྲོ་བ་མིའི་ནུས་སྟོབས་གོང་སྤེལ་ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཆེད་ཕེབས་གནང་ཡོད་པ་དང་། དེ་ནི་American Enterprise Instituteཞེས་ཆབ་སྲིད་དང་དཔལ་འབྱོར་གྱི་ལས་གཞིའི་ཐད་ཀྱི་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པ་ཡིན་འདུག སྐབས་དེར་༧གོང་ས་མཆོག་གིས་སྤྱིར་བཏང་འཛམ་གླིང་འདིའི་ནང་ཡོད་པའི་འགྲོ་བ་མི་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་མཁན་གཅིག་གྱུར་ཡིན་པ་མ་ཟད། བདེ་སྐྱིད་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་སུ་ཡོད། ང་ཚོ་གོ་ལ་འདིའི་ཐོག་གི་སྤྱི་ཚོགས་ནང་གཅིག་གིས་གཅིག་ལ་བརྟེན་ནས་གནས་དགོས་སྟབས། ང་ཚོས་འཇིག་རྟེན་སྤྱི་ཡོངས་ལ་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ངོས་ཀྱིས་ལས་འགན་དང་པོ་ནི། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱེད་རྒྱུ་དེ་ཡིན། གཉིས་པ། ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་བརྩི་བཀུར་དང་། འཆམ་མཐུན་གོང་སྤེལ་གཏོང་རྒྱུ་དེ་ཡིན། གསུམ་པ། ངོས་རང་བོད་མི་ཞིག་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པའི་ཆ་ནས་བྱམས་དང་སྙིང་རྗེ་རྩ་བར་གྱུར་པའི་བོད་ཀྱི་རིག་གཞུང་གཅེས་འཛིན་བྱེད་རྒྱུ་རྣམས་ཆགས་ཡོད་ཅེས་བཀའ་སློབ་གནང་རྗེས། ཚོགས་ཞུགས་པ་ཚོས་གནད་དོན་འདྲ་མིན་ཐོག་༧གོང་ས་མཆོག་ལ་བཀའ་འདྲི་ཞུ་བཞིན་བགྲོ་གླེང་གནང་འདུག ༧གོང་ས་མཆོག་གིས་ལས་དོན་གང་ཞིག་བསྒྲུབ་ཀྱང་གཞན་ཕན་གྱི་བསམ་བློ་བཅང་ཐུབ་ན་རང་ཉིད་ལ་བདེ་སྐྱིད་ཐོབ་ཀྱི་ཡོད་པ་དང་། རང་གཅེས་འཛིན་གྱི་བསམ་བློས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ནམ་ཡང་བསྐྲུན་ཐུབ་ཀྱི་མ་རེད་ཅེས་སོགས་བཀའ་གནང་འདུག
བགྲོ་གླེང་ཐོག་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་ལས་བྱེད་ཁག་གཅིག་དང་། གཞན་ཡང་ཚོང་ལས་དང་། ཁྲིམས། དེ་བཞིན་དཔལ་འབྱོར་ཐད་ཀྱི་ཆེད་ལས་བ་མི་གྲངས་༢༠༠ལྷག་ཕེབས་འདུག གོང་གི་བགྲོ་གླེང་གོ་སྒྲིག་གནང་མཁན་American Enterprise Instituteཞེས་ཆབ་སྲིད་དང་དཔལ་འབྱོར་གྱི་ལས་གཞིའི་ཐད་ཀྱི་ཉམས་ཞིབ་ཁང་ནི་༡༩༣༨ལོར་གསར་བཙུགས་གནང་བ་ཞིག་ཡིན་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།