གལ་ཆེའི་གསལ་བཤད།
2010.06.28
༄༅།།གལ་ཆེའི་གསལ་བཤད་ཅིག་ཞུ་རྒྱུར།ཕྱི་ཟླ་༦་པའི་ཚེས་༢༤་ཉིན་ཀརྨ་བསམ་འགྲུབ་ལགས་དང་འབྲེལ་བའི་འདི་གའི་དྲ་བརྙན་གསར་འགྱུར་ནང་།ཀརྨ་བསམ་འགྲུབ་ལགས་ལ་རྩ་ཆེའི་བཤུལ་རྫས་རྐུ་ཚོང་བརྒྱབ་པའི་ཉེས་འཛུགས་འོག་ལོ་ངོ་བཅོ་ལྔའི་བཙོན་འཇུག་ཉེས་ཆད་བཏང་ཞེས་རྒྱང་སྲིང་ཞུས་ཡོད་ཅིང་།ཡིག་ཐོག་ར་རྐུ་བྲིས་ཏེ་རྐུ་མ་བརྐུས་ཏེ་བཙོང་པར་རྒྱ་ནག་གཞུང་གིས་ཉེས་འཛུགས་བྱས་པའི་བརྗོད་དོན་གྱི་དག་ཆར་ནོར་འཁྲུལ་མེད་ཀྱང་ར་རྐུ་དང་ས་སྐུ་གཉིས་སྒྲ་གདངས་གཅིག་པ་ཡིན་པར་བརྟེན།གསན་ནོར་འགྱུར་གཞིར་གྱུར་འདུག་པས།གསན་མཁན་རྣམ་པ་སྤྱི་དང་།བྱེ་བྲག་ཏུ་གཉེན་ཉེ་འདི་གར་འབྲེལ་བ་གནང་མཁན་ཡོངས་ལ་དགོངས་སེལ་ཞུ་རྒྱུ་ཡིན།ཀརྨ་བསམ་འགྲུབ་ལགས་ནི། ཁོར་ཡུག་སྲུང་སྐྱོབ་ཀྱིས་མཚོན་པའི་སྤྱི་ཚོགས་བདེ་དོན་ལ་སྨན་པའི་ལས་དོན་མང་དག་འགྲུབ་མཁན་ཞིག་ཡིན་པའི་སྐོར་འདི་ནས་སྔ་རྗེས་ལས་རིམ་ནང་ཡིག་ངག་གཉིས་ཐོག་ནས་རྒྱང་སྲིང་ཞུས་དང་ ཞུ་བཞིན་པ་ཡིན་པས་དེ་དོན་དགོངས་འཇགས་ཞུ༎
འདི་ག་རླུང་འཕྲིན་ཁང་དུ་འབྱོར་བའི་གློག་འཕྲིན།
"བོད་ནང་དུ་རྐུ་ཚོང་ཟེར་བ་གོ་ན་སྐུ་ཚོང་ལ་ངོས་འཛིན་ངེས་ཡིན་པས། ཨེ་རླུང་ཁང་ནས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་བ་རེད། དག་བཀྲོལ་ག་ཚོད་བྱས་ཀྱང་དེས་བོད་པ་གསན་པ་ཚོའི་སེམས་ལ་ནག་གྲིབ་ཆེན་པོ་ཞིག་བཏང་ཚར་བ་མངོན་གསལ་རེད། བྱས་ཙང་ཆེད་སྒྲིག་ལེ་ཚན་ཞིག་བཟོས་ནས་ཀརྨ་བསམ་གྲུབ་ནི་མི་གང་འདྲ་ཞིག་ཡིན་པ་དང་། སངས་རྒྱས་སྐུ་ཉོ་ཚོང་བྱེད་པའི་ལས་ལ་གཏན་ནས་ཞུགས་མྱོང་མེད་པ། ཁོང་རང་གིས་མི་སེར་ལ་ཕན་པའི་ལས་ཀ་གང་འདྲ་བྱས་ཡོད་པ། དེ་སྔོན་གནའ་རྫས་ཉོས་པའི་སྐོར་དེ་དག་རྩ་བ་ནས་ཁྲིམས་དང་འགལ་མེད་པའི་སྐོར་ངོ་སྤྲོད་བྱེད་དགོས་པ་རེད། ཧ་ཅང་གལ་ཆེན་པོ་རེད།"