བལ་ཡུལ་དུ་རང་ལུས་མེར་སྲེག་གི་ངོ་རྒོལ།
2013.02.13
༄༅༎ཕྱི་ཟླ་༢ཚེས་༡༣རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཋ་མན་ཌུའི་ནང་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་བོད་ནང་དབང་བསྒྱུར་ལ་ངོ་རྒོལ་གནང་ཡོད་འདུག
བོད་པའི་དགེ་འདུན་པ་ཞིག་གིས་བལ་ཡུལ་གྱི་རྒྱལ་ས་ཀཋ་མན་ཌུའི་ནང་ཡོད་པའི་མཆོད་བརྟེན་ཆེན་པོ་བྱ་རུང་ཁ་ཤོར་གི་སྐོར་ལམ་དུ་རང་ལུས་མེར་སྲེག་བཏང་ཡོད་འདུག གནས་ཚུལ་མཐོང་མཁན་ཚོས་གསུང་བར་གཞིགས་ན། བོད་མི་དགེ་འདུན་པ་ཁོང་གིས་མཆོད་བརྟེན་གྱི་སྒོ་འགྲམ་ནས་སྐོར་ལམ་བརྒྱུད་དུ་སྐུ་ལུས་མེར་བསྲེགས་ནས་རྒྱུག་ཡོང་བའི་སྐབས་ཁོང་གི་གཟུགས་པོ་ཡོངས་ལ་མེ་འབར་ནས་ཉེ་འཁྲིས་སུ་ཡོད་པའི་མི་ཚོར་ཡང་མེ་དྲོད་ཀྱི་འཚོར་བ་ཤུགས་ཆེ་བྱུང་ཡོད་པ་དང་།སྐུ་ལུས་མེར་སྲེག་གཏོང་གནང་མཁན་དགེ་འདུན་པ་དེས་རང་ལུས་མེར་སྲེག་བཏང་ནས་མེ་འབར་བའི་སྐབས་ས་གནས་ཉེན་རྟོག་པས་ཁོང་མགྱོགས་མྱུར་ཉེ་འཁྲིས་སྨན་ཁང་དུ་བསྐྱེལ་ཡོད་ཀྱང་གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱི་བརྗོད་པར་གཞིགས་ན།ཁོང་གི་ལུས་པོ་ཁྱོན་ཡོངས་ནས་ཚིག་ཏེ་དྲན་པ་ཐོར་བའི་གནས་སྟངས་འོག་སྨན་ཁང་དུ་ཛ་དྲག་གི་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག ད་ལྟའི་ཆར་ཁོང་ཤི་སོན་ག་རེ་བྱུང་མིན་ཤེས་རྟོགས་གང་ཡང་མེད་པ་མ་ཟད་ཁོང་སུ་ཡིན་མིན་དང་།དགོན་པ་གང་ནས་ཡིན་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་རེད། ད་བར་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱས་པར་བོད་ཕྱི་ནང་གཉིས་ནས་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་ཏེ་ངོ་རྒོལ་གནང་ཡོད་པ་དང་། དེའི་ནང་ནས་བོད་མི་མང་ཆེ་བ་འདས་གྲོངས་སུ་གྱུར་ཡོད་པ་རེད། བལ་ཡུལ་ནང་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱེད་བཞིན་པར་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་གནང་མཁན་ད་རེས་ཐེངས་གཉིས་པ་དེ་ཡིན་ཞིང་། དེའི་གོང་ཕྱི་ལོ་༢༠༡༡ཟླ་༡༡པའི་ནང་བོད་མི་དགེ་འདུན་པ་ཞིག་གིས་རང་ལུས་མེར་སྲེག་བཏང་གནང་ཡོད་པ་རེད༎