གནམ་གྲུའི་ནང་གི་མི་ཚང་མ་རྐྱེན་ལམ་དུ་ཕྱིན་འདུག
2014.02.17
གར་སོང་ཆ་མེད་ལ་སོང་བའི་བལ་ཡུལ་གྱི་གནམ་གྲུ་དེ་རྙེད་སོན་བྱུང་ཡོད་ཀྱང་ནང་གི་མི་ཚང་མ་རྐྱེན་ལམ་དུ་ཕྱིན་ཡོད་འདུག
དེ་ཡང་གནམ་གྲུ་དེ་ཚེས་༡༦ཉིན་གྱི་ཉིན་གུང་ཚོུད་དང་པོ་དང་ཕྱེད་ཀ་ཙམ་ལ་བལ་ཡུལ་སྤོག་ར་གྲོང་ཁྱེར་ནས་འཕུར་བསྐྱོད་བྱས་ཡོད་པ་དང་། སྐར་མ་བཅོ་ལྔ་ཙམ་གྱི་རྗེས་གར་སོང་ཆ་མེད་དུ་སོང་འདུག དེ་མ་ཐག་འཚོལ་ཞིབ་ཀྱི་ལས་དོན་སྤེལ་བ་བརྒྱུད་གནམ་གྲུ་དེ་རྒྱལ་ས་ཀཐ་མན་ཀྲོའི་ནུབ་ཕྱོགས་སུ་རྒྱང་ཐག་སྤྱི་ལེ་༢༢༦སར་ཡོད་པའི་ཨར་གྷ་ཀནྕི་Arghakhanchi རྫོང་གི་རི་འདབས་སུ་བརྡབ་ཡོད་པ་རྙེད་སོན་བྱུང་ཡོད་ཀྱང་ནང་གི་མི་ཚང་མ་རྐྱེན་ལམ་དུ་ཕྱིན་ཡོད་འདུག ཕུང་པོ་རྣམས་མེར་འཚིག་ནས་མི་བརྒྱད་མ་གཏོགས་གཞན་རྣམ་ངོས་ཟིན་མི་ཐུབ་པར་གྱུར་ཡོད་པ་དང་། ཚབས་ཆེའི་གོད་ཆག་དེའིོ་བྱུང་རྐྱེན་ཇི་ཡིན་གསལ་རྟོགས་ཆེད་ཞིབ་འཇུག་ཚོགས་ཆུང་ཞིག་བསྐོ་གཞག་བྱས་ཡོད་ལུགས་ས་གནས་ཉེན་སྲུང་དཔོན་རིགས་ཀི་རན་ཁཏ་རི་Kiran Kahtriཡིས་གསར་འགོད་པར་གསུངས་གནང་འདུག བརྡབ་སྐྱོན་ཕོག་པའི་གནམ་གྲུའི་སྒམ་ཆུང་ནག་པོ་ཡང་རྙེད་ཡོད་ལུགས་འགྲིམ་འགྲུལ་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མོ་ཧན་ཁི་རི་ཤི་ཎ་Mohan Krishnaཡིས་འགྲེལ་བརྗོད་གནང་འདུག གནམ་གྲུའི་ནང་Denmarkརྒྱལ་ཁབ་ཀྱི་ཡུལ་མི་ཞིག་མ་གཏོགས་གཞན་ཚང་མ་བལ་ཡུལ་གྱི་ཡུལ་མི་ཡིན་ལུགས་བལ་ཡུལ་གྱི་མཁའ་འགྲུལ་ལས་ཁང་གི་མགྲིན་ཚབ་པ་Ram Hari Sharmaཞུ་བས་སྐབས་དེར་གསུངས་གནང་འདུག
ཉེ་བའི་ཆར་བལ་ཡུལ་ནང་གནམ་གྲུ་ཁ་ལོ་པའི་ཉམས་མྱོང་ཞན་པ་དང་། འཛིན་སྐྱོང་ཚགས་ཚུད་མེད་པ། གནམ་གྲུ་ཉར་ཚགས་ཚུལ་མཐུན་མེད་པའི་དབང་གིས་གནམ་གྲུ་མང་པོ་ཞིག་བརྡབ་སྐྱོན་ཡོང་བཞིན་པའི་གནས་ཚུལ་ཡོང་གི་ཡོད་འདུག སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་བལ་ཡུལ་གྱི་གནམ་གྲུའི་འགྲུལ་བཞུད་ཉེན་སྲུང་ཧ་ཅང་སྐྱོ་པོ་ཡོད་པའི་ཆ་ནས་བལ་ཡུལ་གྱི་འགྲུལ་བསྐྱེལ་གནམ་གྲུ་ཡུ་རོབ་ནང་འཕུར་བསྐྱོད་མི་ཆོག་པ་བཟོས་ཡོད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།